རང་ཞིང་གིས་སྡེ་བ་དང་གཞིས་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམ་བསྐོ་སྐབས་ཀྱི་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་བཀོད་སྒྲིག་བྱས།
2021.01.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཉེ་ལམ། ཞིང་ཆེན་གྱི་སྡེ་བ་དང་གཞིས་ཁུལ་གྱི་སྐབས་བརྗེ་གཞུང་སྒྲུབ་ཁང་དང་ཞིང་ཆེན་རིམས་ནད་འགོག་བཅོས་གཞུང་སྒྲུབ་ཁང་གཉིས་ཀྱིས་སྡེ་བ་དང་གཞིས་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམ་བསྐོ་སྐབས་སུ་རིམས་ནད་འགོག་སྡོམ་བྱ་བ་བཟང་བོ་བསྒྲུབ་པའི་སྐོར་གྱི་བརྡ་སྦྱོར་བཀྲམ་ནས། རིམ་པ་བཞིན་འགོག་སྡོམ་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། སྔ་མོ་ནས་རིམས་ནད་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་གཅིག་གྱུར་འཆར་འགོད་བྱས་ནས། རིམས་ནད་འགོག་སྡོམ་དང་སྐབས་བརྗེ་འདེམ་བསྐོ་གཉིས་ཀར་འགོར་འགྱངས་མི་བྱེད་པ་དང་གཉིས་ཀར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

བརྡ་སྦྱོར་ནང་བསྟན་དོན། སྡེ་བ་དང་གཞིས་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམ་བསྐོ་སྐབས་ཀྱི་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་རྒྱུ་ཧ་ཅང་གལ་ཆེ་བ་དང་། ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་རིམས་ནད་འགོག་སྡོམ་བྱ་བའི་རེ་བ་ལྟར། སྐབས་བརྗེ་འདེམ་བསྐོ་ལ་ཞུགས་པའི་མི་སྣ་ཡོངས་ཀྱི་ཐོ་འགོད་སྙན་སེང་དོ་དམ་དང་ཚན་རིག་དང་མཐུན་པ་དང་ཕན་པ་ཡོད་པའི་སྒོ་ནས་འགོག་སྡོམ་བྱེད་པའི་རྨང་གཞིའི་སྟེང་། ཕྱི་རྒྱལ་དང་རྒྱལ་ནང་གི་ཉེན་ཁ་ཆེ་བའི་ས་ཁུལ་དུ་གནས་སྐོར་དུ་སོང་བའི་མི་སྣ་ལོགས་སུ་བགར་ནས། ས་བབ་དང་བསྟུན་ནས་ཡུལ་དངོས་འདེམ་བསྐོ་དང་ཐར་ཐོར་སྒོས་འདེམ་ཤོག་འཕེན་པའི་བྱེད་ཐབས་བརྒྱུད་དེ་འདེམ་བསྐོ་བྱེད་དགོས། འདེམ་བསྐོའི་ཚོགས་རའི་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་པ་དང་། མི་འདུ་རུབ་བྱེད་སའི་གཙང་སྦྲ་དང་དུག་སེལ་བྱ་བ་བཟང་བོར་བསྒྲུབ་པ། འདེམ་བསྐོ་ལ་ཞུགས་པའི་མི་ཡོངས་ཀྱིས་ཁ་ཐུམ་རྒྱག་པ་དང་ལུས་དྲོད་འཇལ་བར་འགན་སྲུང་བྱེད་པ། བདེ་ཐང་བཤེར་རིས་བསྟན་ནས། ཕན་ཡོད་བར་ཐག་རྒྱུན་འཁྱོངས་བྱེད་དགོས། ཕན་ནུས་ཡོད་པའི་སྒོ་ནས་འཕྲལ་བསྟུན་ཐག་གཅོད་སྤེལ་བ་དང་། ཡུལ་དངོས་སུ་དོགས་ཡོད་ནད་རྟགས་རྙེད་ཚེ། དུས་ཐོག་ཏུ་འདེམ་བསྐོ་ཡུལ་དངོས་ནས་ཕྱིར་འབུད་དུ་འཇུག་པ་མ་ཟད། ཡུལ་ཚོ་དང་གྲོང་རྡལ་དང་རྫོང་རིམ་པའི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་ལ་ཡར་ཞུ་བྱེད་པ་དང་། ཕན་ཡོད་བྱེད་ཐབས་སྤྱད་དེ་ལོགས་བཀར་དབྱེ་འབྱེད་བྱེད་པ་ལས། སྦ་གསང་དང་རྫུན་བཤད་བྱེད་མི་རུང་།

བརྡ་སྦྱོར་ནང་། རིམ་པ་སོ་སོའི་སྐབས་བརྗེ་བྱ་བའི་མཛུབ་སྟོན་ཚན་ཆུང་གིས། སྐབས་བརྗེ་འདེམ་བསྐོ་སྐབས་ཀྱི་རིམས་ནད་འགོག་བཅོས་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། གྲོང་ཁྱེར་དང་རྫོང་། ཡུལ་ཚོ་རིམ་པ་གསུམ་གྱི་ཏང་ཨུས་གཙོ་གཞི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པ་དང་། སྡེ་བ་དང་གཞིས་ཁུལ་གྱིས་བྱེ་བྲག་གི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། རིམ་པ་སོ་སོའི་འཕྲོད་བསྟེན་སྡེ་ཁག་གིས་མཛུབ་སྟོན་ལ་ཤུགས་བསྣན་ནས། སྐབས་བརྗེ་འདེམ་བསྐོ་བྱ་བ་བརྟན་བརླིང་དང་བདེ་འཇགས། གོ་རིམ་ལྡན་པའི་ངང་བསྒྲུབ་པར་ཁག་ཐེག་བྱེད་དགོས།

ལོ་ཙཱ་བ། རིན་ཆེན་མཚོ།