མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་འཛུགས་སྐྲུན་ས་ཁུལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་བཞི་བརྒྱ་བདུན་དང་གྲངས་ཆུང་དོན་གཉིས་ལ་སླེབས།
2021.02.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ། མཚོ་སྔོན་གྱིས་ཤུགས་ཆེན་པོས་མཁར་གྲོང་འཕེལ་རྒྱས་ཀྱི་རྒྱུན་མཐུད་ཅན་དང་བདེ་སྡོད་ཅན་འཕེལ་རྒྱས་སུ་བཏང་ནས། ཧུར་བརྩོན་ཆེན་པོས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་མཁར་གྲོང་འཕེལ་རྒྱས་ལམ་བུ་བཏོད་དེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་འཛུགས་སྐྲུན་ས་ཁུལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་བཞི་བརྒྱ་བདུན་དང་གྲངས་ཆུང་དོན་གཉིས་སུ་འཕར་བ་དང་། གྲངས་ཀ་དེ་ནི་ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་དུས་སྐབས་ལས་སྤྱི་ལེ་གྲུ་བཞི་མ་སོ་གཉིས་དང་གྲངས་ཆུང་ཞེ་གཅིག་གིས་ཇེ་མང་དུ་འཕར་ནས། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་ཀྱི་འདེགས་ཤུགས་དང་བདེ་སྡོད་སྟོབས་ཤུགས། དཀྱེལ་ཆེ་བའི་ཚད་བཅས་ཟམ་མ་ཆད་པའི་སྒོ་ནས་ཇེ་དྲག་ཏུ་ཕྱིན་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་རྣམ་པ་གསར་པ་ཅིག་ཅར་མངོན།

འདས་པའི་ལོ་ལྔའི་རིང་ལ། མཚོ་སྔོན་གྱིས་སྔ་གཞུག་ཏུ་མཛེས་པའི་གྲོང་ཁྱེར་དང་གྲོང་རྡལ་རེ་བརྒྱད་འཛུགས་སྐྲུན་ལས་དོན་ལག་བསྟར་བྱས་ནས། མཁར་གྲོང་རྙིང་བ་སྒྱུར་བཀོད་དང་མཁར་གྲོང་གསར་པ་འཛུགས་སྐྲུན་གཉིས་གཞི་གཅིག་ཏུ་སྦྲེལ་ཏེ། མཁར་གྲོང་རྙིང་པའི་དོ་དམ་དྲ་རྒྱ་རིམ་པར་ལེགས་བཅོས་བྱས་པ་དང་། རིགས་སོ་སོའི་དོ་དམ་དྲ་རྒྱར་གཅིག་གྱུར་བཀོད་སྒྲིག་བྱས་ལ། དོ་དམ་དྲ་སྐུད་འཛུགས་སྐྲུན་དང་ལེགས་བཅོས་བྱུང་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་འཕེལ་རྒྱས་བར་སྟོང་ཡངས་པོར་ཕྱེས།

ཟི་ལིང་གྲོང་ཁྱེར་གྱིས་ཧུར་བརྩོན་ཆེན་པོས་མཚོ་བལ་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། རི་བོ་བཅོས་སྐྱོང་དང་ཆུ་ལ་བདག་གཅེས། གྲོང་ཁྱེར་མཛེས་སྡུག་ལྡན་པ་བཅས་ཀྱི་འཛུགས་སྐྲུན་རྣམ་པ་གྲུབ་པར་བྱས་ཏེ། མཚོ་བལ་གྲོང་ཁྱེར་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཉེར་གཅིག་དང་གྲངས་ཆུང་རེ་གཅིག་ལ་སླེབས།

ལོ་ཙཱ་བ། བན་དེ་སྐྱབས།