མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་དབུལ་ཕོངས་ས་ཁུལ་གྱི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན།
2021.02.22 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 57

ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱ་བར་ཧ་ཅང་མཐོང་ཆེན་བྱས་ནས། མུ་མཐུད་དུ་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་གཏན་འབེབས་བྱས་པ་དང་། དབུལ་ཕོངས་ས་ཁུལ་གྱི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་བསྣན། རྒྱུས་ལོན་བྱུང་བ་ལྟར་ན། སྒྲིག་ལུགས་དོ་དམ་ལ་གསར་གཏོད་བྱེད་ཆེད། རང་ཞིང་གིས་སྒྲིག་ལུགས་འགུལ་རྣམ་ལེགས་སྒྲིག་རྐྱེན་སྲོལ་བཙུགས་པ་དང་། ཞིང་ཆེན་རིམ་པས་ལྟ་སྐུལ་དོ་དམ་བྱེད་པ་དང་། གྲོང་ཁྱེར་དང་ཁུལ་གྱིས་གཅིག་གྱུར་འཆར་འགོད་བྱེད་པ། རྫོང་གཙོ་བྱེད་པ་དང་ལེགས་སྒྲིག་བཟང་བོ་བྱེད་པའི་རྩ་དོན་ལྟར། གྲོང་ཁྱེར་དང་ཁུལ། རྫོང་། གྲོང་ཁྱེར་དང་ཆུའུ་ཡི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་སྒྲིག་ལུགས་དོ་དམ་དབང་ཆ་ལེགས་སྒྲིག་བྱས། དེ་དང་མཉམ་དུ། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་བསྡུ་བའི་སྒྲིག་ལུགས་བཀོལ་སྤྱོད་ཚོད་ལྟ་སྤེལ་བ་དང་། མཚོ་ཤར་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཅས་ས་ཁུལ་བཞི་ཚོད་ལྟ་ས་ཁུལ་དུ་གཏན་ཁེལ་བྱས་ལ། སྒྲིག་ལུགས་བཀོལ་སྤྱོད་བཟང་བོ་བྱེད་པ་བརྒྱུད་དེ། ལས་འཁྱུར་ངལ་གསོ་བྱེད་ལ་ཉེ་བའི་མི་སྣའི་སྒྲིག་ལུགས་སྔ་མོ་ནས་མི་སྣ་ཁ་གསབ་སྒྲིག་སྤྱོད་འཆར་འགོད་བཞག་པ་དང་། མཁོ་འདོན་འགལ་རྩོད་ཐག་བཅད་ལ། སྒྲིག་ལུགས་བཀོལ་སྤྱོད་ཕན་འབྲས་མཐོར་འདེགས་བཏང་། 2020ལོར། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་བསྡུ་བའི་ཁྲོད་ཀྱི་སྒྲིག་ལུགས་སྡེ་ཁག་གིས་མི་སྟོང་གཅིག་དང་དྲུག་བརྒྱ་རེ་ལྔ་བསྡུ་རྒྱུའི་འཆར་གཞི་ཡོད། དེའི་རྨང་གཞིའི་སྟེང་། རང་ཞིང་གིས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དཔུང་སྡེའི་ཁ་གསབ་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། ཞིང་ཆེན་སློབ་གསོ་ཐིན་གྱིས་ཞིང་ཆེན་རིམ་པའི་སྡེ་ཁག་དང་མཉམ་དུ་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་བསྡུ་བའི་བྱ་བ་བཟང་བོ་བསྒྲུབས་ནས། མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་རྒྱའི་སྟེང2020ལོའི་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་བསྡུ་བའི་སྤྱི་སྒྲོག་སྤེལ་ནས། དབུལ་ཕོངས་ས་ཁུལ་ལ་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་སྟོང་གཅིག་དང་སུམ་བརྒྱ་ལྷག་བསྡུས། དེ་དང་མཉམ་དུ། རང་ཞིང་གིས་མཚོ་སྔོན་ཞིང་ཆེན་གྱི་དགེ་རྒན་བྱ་བའི2019ལོ་ནས2021ལོའི་གསོ་སྦྱོང་འཆར་འགོད་གཏན་འབེབས་བྱས་ནས་ཕྱིར་བཏོན་པ་དང་། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་ཁུ་ནུའི་སྣེ་ཁྲིད་དང་རྐང་འཛིན་འཚར་ལོངས་དང་ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཆར་གཞི་ཆེན་པོ་གསུམ་ལག་བསྟར་བྱས་ལ། གཞི་རིམ་གྱི་དགེ་རྒན་དཔུང་སྡེའི་སྣེ་ཁྲིད་ཤེས་ལྡན་མི་སྣ་དང་རྐང་འཛིན་པ། རྨང་གཞིའི་སྟོབས་ཤུགས་སྐྱེད་སྲིང་བྱས། 2020ལོར། རང་ཞིང་གིས་བསྡོམས་པས་དབུལ་ཕོངས་ས་ཁུལ་ལ་དགེ་རྒན་ཁྲི་གཅིག་དང་སྟོང་གཉིས་གསོ་སྦྱོང་བྱས། དེ་ལས་གཞན། དགེ་རྒན་གྱི་ཟླ་ཕོག་འགན་སྲུང་མཐོར་འདེགས་གཏོང་ཆེད། རང་ཞིང་གིས་ཞིང་སྡེའི་དགེ་རྒན་འཚོ་བའི་ཁ་གསབ་ལམ་ལུགས་བཙུགས་པ་དང་། རྒྱལ་ཁབ་ཀྱི་རེ་བ་བཏོན་པའི་མུ་འབྲེལ་དབུལ་ཕོངས་ས་ཁུལ་དུ་བྱ་བ་བསྒྲུབ་བཞིན་པའི་ཞིང་སྡེའི་དགེ་རྒན་གྱི་རྨང་གཞིའི་སྟེང་། ས་ཆ་གཞན་པར་རྒྱུན་བསྲིང་ནས། ཡོངས་སུ་ཁེབས་པར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་དགེ་རྒན་རེ་རེའི་ཟླ་ཕོག་ཆ་སྙོམས་ཀྱིས་སྒོར་བཞི་བརྒྱ་ཇེ་མང་དུ་བཏང་། དེ་དང་མཉམ་དུ། རོང་འབྲོག་ཁུལ་གྱི་གཞི་རིམ་སློབ་གྲྭ་བར་ལོ་བརྒྱད་ཡན་གྱི་ཞབས་ཞུའི་གྲོས་མཐུན་བཀོད་པའི་མཐོ་འབྲིང་དཀྱུས་མའི་མཐར་ཕྱིན་སློབ་མར་སློབ་ཆེན་སྐབས་ཀྱི་སློབ་ཡོན་ཐེངས་གཅིག་ལ་ཁ་གསབ་བྱས་པ་དང་། ལྷག་པར་དུ་རིགས་ལྔ་དང་དེའི་ཡན་གྱི་ས་ཁུལ་དང་གྲོས་མཐུན་བཀོད་ཡོད་པར་རིམ་པ་བགོས་ནས་བྱ་དགའི་ཁ་གསབ་བྱེད་ཀྱིན་ཡོད་ལ། སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པའི་ཕུལ་བྱུང་སློབ་མ་ཞིང་སྡེའི་སློབ་གྲྭ་རུ་དགེ་རྒན་བྱེད་དུ་འགྲོ་བར་སྐུལ་སློང་བྱས་ནས། 2014ལོ་ནས201ལོའི་བར་བསྡོམས་པས་ཞིང་སྡེའི་དགེ་རྒན་སྟོང་གཅིག་དང་ལྔ་བརྒྱ་ལྷག་གིས་བྱ་དགའི་ཁ་གསབ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བརྒྱད་ལྷག་ལོངས་སྤྱོད་བྱེད་ཐུབ་པ་བྱུང་།

ལོ་ཙཱ་བ། རིན་ཆེན་མཚོ།