རང་ཞིང་གིས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དགུ་བྱེ་བ་གསུམ་ས་ཡ་ལྔ་བཀོད་སྒྲིག་བྱས་ནས་ཞིང་ལས་ཐོན་སྐྱེད་ཐད་རྒྱབ་སྐྱོར་བྱེད་རྒྱུ་རེད།
2021.02.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 90

ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན། ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་གནོད་འགོག་གནོད་སྐྱོབ་དང་དཔྱིད་ཀའི་རྨོ་འདེབས་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་ཆེད། ཞིང་ཆེན་ནོར་སྲིད་ཐིན་གྱིས་སྤྲོད་དངུལ་སྔ་འདོན་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ནོར་སྲིད་ཀྱི་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དོན་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དགུ་བྱེ་བ་གསུམ་ས་ཡ་ལྔ་བཀོད་སྒྲིག་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐན་སྐྱེད་བྱ་བའི་ཐད་མ་དངུལ་གྱི་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་རེད།

མ་དངུལ་དེ་དག་གི་ཁྲོད། སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་བཞི་ནི་ས་ཆ་སོ་སོའི་ཞིང་ཕྱུགས་ལས་ཐོན་སྐྱེད་གནོད་སྐྱོབ་མ་དངུལ་ཡིན་ལ། རོང་འབྲོག་དམངས་ཀྱིས་ཕྱུགས་ཟོག་གི་དགུན་ཁའི་གཟན་རྩྭ་ཉར་གསོག་དང་དཔྱིད་ཀའི་རྨོ་འདེབས་ཐོན་སྐྱེད་ཐད་ཀྱི་རང་བྱུང་གནོད་འཚེ་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་བྱས་ནས། ཞིང་བའི་དཔྱིད་དུས་ཀྱི་གྲང་ངར་དང་ཐན་སྐྱོན། ཁངས་སྐྱོན་སོགས་རང་བྱུང་གནོད་འཚེ་ལ་ཁ་གཏད་འཇལ་བའི་ནུས་པ་མཐོར་འདེགས་གཏོང་བ་དང་། གནོད་འཚེ་རྗེས་སུ་དུས་ཐོག་ཏུ་ཐོན་སྐྱེད་སླར་གསོ་བྱེད་པ། གནོད་འཚེའི་གྱོང་གུན་ཇེ་ཉུང་དུ་གཏོང་བ་བཅས་བྱེད་རྒྱུ་ཡིན་པ་དང་། རྨོ་ཞིང་ས་ཤུགས་སྲུང་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་གཅིག་ས་ཡ་གཅིག་གིས། ས་ཆ་སོ་སོའི་འབྲུ་རིགས་འདེབས་པའི་ཞིང་བས་སྐྱེ་ལྡན་ལུད་རྫས་བཀོལ་བ་དང་སོག་མ་ལུད་རྫས་སུ་བསྒྱུར་ནས་བཀོལ་སྤྱོད་བྱེད་པ། ཆུ་བཀོལ་གྲོན་ཆུང་ཞིང་ལས་འཕེལ་རྒྱས་སུ་གཏོང་བ། ལྗང་མདོག་ལུད་རྫས་འདེབས་པ་སོགས་ཀྱི་བྱེད་ཐབས་སྤྱོད་པར་རྒྱབ་སྐྱོར་བྱས་ནས། ཞིང་བའི་ཞིང་འདེབས་ཀྱི་བརྩོན་སེམས་ཆེར་སྐྱེད་པ་དང་། རྨོ་ཞིང་ཀྱི་སྤུས་ཚད་མཐོར་འདེགས་བཏང་སྟེ། འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུ་རེད།

དེ་དང་མཉམ་དུ། རང་ཞིང་གིས་ད་དུང་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་བདུན་བཏང་ནས། ས་ཆ་སོ་སོའི་ཞིང་ཕྱུལས་ལས་ཐོན་སྐྱེད་ཀྱི་བྱ་བ་བསྒྲུབ་པའི་མི་སྒེར་དང་ཞིང་ཕྱུགས་ལས་ཐོན་སྐྱེད་བདག་གཉེར་རྩ་འཛུགས་ཀྱིས། གཏན་ཁེལ་ལྟར་ཞིང་ལས་འཕྲུལ་ཆས་གསར་བ་ཉོ་བ་དང་ཡང་ན་ཞིང་ལས་འཕྲུལ་ཆས་བརྗེ་སྤོར་བྱས་རྗེས་ཁ་གསབ་སྟེར་བའི་ཐད་བཀོལ་ནས། ཞིང་ལས་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་ཆུ་ཚད་དང་ཞིང་ཁྱིམ་གྱི་ཞིང་ལས་ཐོན་སྐྱེད་ནུས་པ་མཐོར་འདེགས་གཏོང་རྒྱུ་རེད། ཆུ་བེད་འཕེལ་རྒྱས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་བཏང་ནས། ཞིང་སའི་ཆུ་བེད་སྒྲིག་ཆས་དང་ཆུ་གཏོང་ཁུལ་གྱི་ཆ་སྡེབས་དང་དེང་རབས་ཅན་གྱི་ཆུ་གྲོན་ཆུང་བསྒྱུར་བཀོད་སོགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། ཞིང་ལས་ཆུ་གཏོང་ཆུ་བཀོལ་གྱི་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་གི་གནད་དོན་ཐག་གཅོད་པ་དང་། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་གཏོང་བ་དང་ས་ཆ་སོ་སོའི་རྨོ་འདེབས་གྲ་སྒྲིག་ཆུ་གཏོང་ཆུ་བཀོལ་འགན་སྲུང་ནུས་པ་མཐོར་འདེགས་གཏོང་རྒྱུ་རེད།

ལོ་ཙཱ་བ། རིན་ཆེན་མཚོ།