2021ལོའི་དཔྱིད་རླུང་འགུལ་སྐྱོད་ཆེད་དོན་བྱ་འགུལ་སྤེལ་རྒྱུ་རེད།
2021.03.04 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 64

གསར་འགོད་པས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཉིན་བརྒྱའི་མཁྲེགས་གཏོར་འགུལ་སྐྱོད་ལག་བསྟར་བཟང་བོ་བྱེད་པ་དང་། 2021ལོའི་དཔྱིད་རླུང་འགུལ་སྐྱོད་ཆེད་དོན་བྱ་འགུལ་དངོས་སུ་སྤེལ་ཆེད། ཞིང་ཆེན་རིམ་པའི་ཆེད་དོན་མི་བསྡུ་གྲོས་ཚོགས་ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་བསྡུ་རྒྱུ་རེད།

བྱ་འགུལ་སྐབས་སུ། ཞིང་ཆེན་ཡོངས་ཀྱིས་ཁེ་ལས་གཙོ་བོའི་མི་བཀོལ་ལ་འགན་སྲུང་བྱེད་པ་དང་། ཆེད་དོན་མི་བསྡུ་བྱ་འགུལ་སྤེལ་བ། ཞིང་བ་ཞོར་ལས་པར་ལས་རྐང་སྟེང་འབྱོར་བར་རྩ་འཛུགས་བྱེད་པ། བཞི་སྐྱེལ་ཞབས་ཞུ་སྤེལ་བ་སོགས་བྱེད་ཐབས་བརྒྱུད་དེ། རིགས་མི་འདྲ་བའི་མི་བཀོལ་ཁེ་ལས་དང་མཁར་གྲོང་ངལ་རྩོལ་པ། ལས་ཞུགས་བྱེད་དཀའ་བའི་མི་སྣ་བཅས་ལ་ངལ་རྩོལ་མཁོ་འདོན་སྟེགས་བུ་བསྐྲུན་པ་དང་། སྤྱི་ཐུན་ལས་ཞུགས་ཞབས་ཞུ་བཟང་བོ་འདོན་སྤྲོད་བྱེད་རྒྱུ་རེད།

རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དང་དབུལ་སྐྱོར། བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་ར་བའི་ཁུལ་གྱི་ཁེ་ལས་སུ་སོང་ནས། མི་བཀོལ་དགོས་མཁོ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་པ་དང་། ཚོང་གཉེར་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་ཁུངས་དང་ལས་རིགས་མཐུན་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། མི་བསྡུ་ལས་རྐང་ཆ་འཕྲིན་བསྡུ་རུབ་བྱེད་པ། རིགས་བགར་ནས་རིགས་མི་འདྲ་བའི་ངལ་རྩོལ་པའི་དགོས་མཁོ་དང་མཐུན་པའི་ལས་རྐང་གསལ་ཁྲ་འཛུགས་རྒྱུ་རེད། ཁེ་ལས་གཙོ་བོའི་མི་བཀོལ་བཀོད་གཏོང་འགན་སྲུང་རྐྱེན་སྲོལ་ལ་རྒྱབ་བརྟེན་ནས། སྡེ་ཁག་བར་དང་ཁུལ་ཁོངས་བར་གྱི་སྦྲེལ་མཐུད་མཐུན་སྦྱོར་ཇེ་ཆེར་བཏང་སྟེ། དུས་ཆེན་རྗེས་ཀྱི་ངལ་རྩོལ་པ་གོ་རིམ་ལྡན་པའི་སྒོ་ནས་ལས་རྐང་སྟེང་ཞུགས་པར་ཁག་ཐེག་བྱེད་རྒྱུ་རེད།

ས་ཆ་སོ་སོས་བརྟག་བཤེར་མཐིལ་རྟོགས་དང་དྲིལ་སྒྲོག་རྒྱ་ཆེར་བྱེད་པའི་རྨང་གཞིའི་སྟེང་། རང་འགུལ་གྱིས་ཞབས་ཞུའི་བྱེད་ཡུལ་ལ་ཁ་ཕྱོགས་ནས་མཁར་གྲོང་ཡོངས་ལ་ཁེབས་པ་དང་གཞིས་ཁུལ་དུ་བསྐྱོད་པའི་ཆེད་དོན་མི་བསྡུ་བྱ་འགུལ་སྤེལ་རྒྱུ་རེད། བྱ་འགུལ་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་རིགས་མི་འདྲ་བའི་མི་བསྡུ་གྲོས་ཚོགས་ལྔ་བཅུ་ལྷག་བསྡུ་རྒྱུའི་འཆར་གཞི་ཡོད། དེ་དང་མཉམ་དུ། ཚོང་གཉེར་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་ཁུངས་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། མཚོ་སྔོན་ཞིང་ཆེན་སྤྱི་ཐུན་ལས་ཞུགས་མི་བསྡུ་ཞབས་ཞུ་སྟེགས་བུ་སོགས་དྲ་ཐོག་སྟེགས་བུ་ལ་རྒྱབ་བརྟེན་པ་དང་། རྒྱང་བསྟེན་མི་བསྡུ་སྤེལ་བ་བརྒྱུད་དེ། རིགས་མི་འདྲ་བའི་མཁོ་འདོན་སྦྲེལ་མཐུད་སྟེགས་བུ་འཛུགས་པ་དང་། ལས་རྐང་ཆ་འཕྲིན་སྐྱེལ་ནས། མི་དང་ལས་རྐང་གནད་ཕིགས་ཆ་སྡེབས་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།

ལོ་ཙཱ་བ། རིན་ཆེན་མཚོ།