ཟླ3པའི་ཚེས2ཉིན་དཔྱིད་ཀྱི་ཉི་འོད་གཡང་ལུང་རྩྭ་ཐང་ཆེན་མོར་འཕྲོས་ཤིང་། རྒྱལ་ཁབ་གློག་དྲ་མདོ་ལ་རྫོང་གློག་མཁོ་འདོན་ཀུང་སིའི་ཏང་ཡོན་ཞབས་ཕྱི་རུ་ཁག་གི་རུ་མི་ནམ་མཁའ་དང་དར་རྒྱས་མཁར། བློ་བཟང་ཚེ་རིང་བཅས་ཀྱིས་གཡང་ལུང་ཞང་ཆུ་ཁོལ་སྡེ་བའི་འབྲོག་པ་དབྱི་སི་མཱ་ནེའི་ཁྱིམ་དུ་གློག་བཀོལ་རྟོག་ཞིབ་བྱེད་བཞིན་འདུག
ཉེ་བའི་ལོ་ཤས་རིང་ལ་འབད་བརྩོན་བྱས་པ་བརྒྱུད། དབྱི་སི་མཱ་ནེ་ཚང་གི་གཡང་ལུང་ཞང་མཉམ་ལས་ཁང་སྔར་ལས་ཇེ་བཟང་དང་ཇེ་ཡག་ཏུ་ཕྱིན་ཡོད། གསོ་སྤེལ་ར་བའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ་དང་སྔོ་ལྗང་རི་ཀླུང་ཁྲོད་ནས་ཐོན་པའི་ནོར་ལུག་གི་ཤའི་རྒྱུ་སྤུས་ལེགས་པར་མ་ཟད། རང་བྱུང་རྩྭ་ཆུ་ལ་བརྟེན་ནས་ཤ་ཤེད་རྒྱས་པའི་ནོར་ལུག་གི་ཤ་ལ་ཁྲོམ་ར་ནས་ཧ་ཅང་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད། ཞིང་ཆེན་ནས་དབྱི་སི་མཱ་ནེ་མཉམ་ལས་ཁང་དུ་བསྐྱོད་དེ་ནོར་ལུག་གི་ཤ་ཉོ་སྒྲུབ་བྱེད་མཁན་གྱི་ཚོང་བ་རྒྱུན་ཆད་མེད་པ་དང་དབྱི་སི་མཱ་ནེ་དང་མཉམ་ལས་ཁང་གི་འབྲོག་པ་ཚོའི་ཡོང་འབབ་ཀྱང་སྔར་བས་མང་དུ་ཕྱིན་ཡོད།
ལས་ཀ་འདི་ནི2018ལོ་ནས་གླེང་དགོས་པ་ཞིག་སྟེ། སྐབས་དེ་དུས་དབྱི་སི་མཱ་ནེ་ཚང་གི་རྩྭ་ར་དེ་རྩྭ་ཐང་སྐྱེ་ཁམས་བདག་སྐྱོང་ཁུལ་དུ་དབྱེ་ནས་ཕྱུགས་བཀག་བྱས་ཡོད། དབྱི་སི་མཱ་ནེ་ཡིས་འཕྲལ་དུ་སྲིད་གཞུང་གི་བླང་བྱ་དང་ལེན་བྱས་ནས་དེ་སྔའི་འབྲོག་ས་ནས་དམིགས་འཛུགས་ཁུལ་དུ་ཕྱུགས་འཚོས་ནས་སྟོན་དུས་དང་དགུན་དུས་ཀྱི་སྐྱ་ཟད་སྔོ་གཏུགས་ཀྱི་སྐབས་སུ་ར་བ་བརྒྱབ་ནས་གསོས་པ་དང་གཟན་རྩྭ་འཐག་པའི་གནད་དོན་ནི་དབྱི་སི་མཱ་ནེ་ལ་འཕྲད་པའི་དཀའ་གནད་ཅིག་རེད།
བཅར་འདྲི་བྱེད་སྐབས་དབྱི་སི་མཱ་ནེ་ཡི་ནང་མི་ཚང་མ་གཡང་ལུང་ཞང་ཆུ་ཁོལ་སྡེ་བའི་ཚེར་ནག་ཁ་རུ་སྡོད་ཀྱི་ཡོད་པ་དང་གཙོ་བོ་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་གྱི་ཡོད་པ་ཤེས་རྟོགས་བྱུང་། སྔོན་ཆད་དགུན་ཁར་གློག་ཆེན་གློག་དྲའི་ནུས་པ་མེད་པས། གློག་སྒྲོན་སྤྱོད་མི་ཐུབ་ལ་ཁྱིམ་གྱི་དྲོད་ལེན་ཡང་ལྕི་བ་འབུད་རྒྱུ་ལས་ཐབས་གཞན་མེད། དགུན་དུས་གྲང་ངར་ཆེ་བས་ལོ་བཅུ་ཕྲག་ཁ་ཤས་རིང་འཚོ་བ་བསྐྱལ་བ་ལས་དབྱི་སི་མཱ་ནེར་རུས་པའི་འདྲེད་སྐྱིའི་གཉན་ཚད་ཕོག་ཡོད། རྒྱུ་མཚན་དེའི་རྐྱེན་གྱིས་རང་ཁྱིམ་གྱི་རྩྭ་ས་མུའུ5700བོགས་མར་བཏང་ནས་ནང་མི་ཚང་མ་རྫོང་མཁར་དུ་སྡོད་དགོས་བྱུང་བས་རྩྭ་སའི་གླ་རིན་ཁོ་ནར་བརྟེན་ནས་འཚོ་བ་དང་སྨན་བཅོས་ཀྱི་འགྲོ་སོང་གཏོང་དགོས་ཀྱི་ཡོད་སྟབས་འཚོ་བ་ཧ་ཅང་སྐྱོ་བོ་ཡིན།
འགྱུར་ལྡོག་དེ2019ལོའི་ལོ་མཇུག་ཏུ་བྱུང་བ་དང་། རྒྱལ་ཁབ་གློག་དྲ་མཚོ་བྱང་གློག་གཏོང་ཀུང་སིས་གཡང་ལུང་ཞང་ལ་བརྟན་ཞིང་བརླིང་བའི་གློག་དྲ་ཆེན་པོ་ཞིག་བསྐྲུན་ཡོད། གློག་སྒྲོན་བཀར་ནས་ཁང་བ་དྲོ་རུ་ཕྱིན་པས་དབྱི་སི་མ་ནེ་ཡི་ནང་མི་རྣམས་རྫོང་མཁར་ནས་སླར་ཡང་རང་ཉིད་ཀྱི་ཕ་ཡུལ་རྩྭ་ཐང་དུ་ལོག
ཏང་ཨུ་དང་སྲིད་གཞུང་གི་དྲོ་སྐྱིད་དང་གློག་དྲ་ཆེན་མོ་སྣུར་སྲིང་བྱས་པ་དེས་དབྱི་སི་མ་ནེའི་ཁྱིམ་ལ་འོད་སྣང་དང་དྲོ་སྐྱིད་སྦྱིན་པར་མ་ཟད། ཁོ་ཚོར་ཐོན་ལས་འཕེལ་རྒྱས་གཏོང་བའི་གོ་སྐབས་ཀྱང་ཐོབ་ཡོད། གློག་དྲ་ཆེན་མོ་སྣུར་སྲིང་བྱས་ནས་གློག་ཤར་གཏོང་ཐུབ་རྗེས་ཀྱི་ཟླ་བ་གཅིག་རིང་དབྱི་སི་མཱ་ནེ་ཡིས་བུ་མཱ་ཚུང་གི་སྣེ་ཁྲིད་དེ་ས་གནས་དེ་གའི་ཡིད་རྟོན་དངུལ་ཁང་ནས་དངུལ་བུན་གཡར་ཏེ་མ་མོ300ཉོས་ནས་གསོ་ཚགས་ར་བ་བཙུགས་པ་དང་ན་ནིང་ལོ་གཅིག་ནང་ཡོང་འབབ་སྒོར་ཁྲི20རེག་ནས་འཚོ་བའི་ཆུ་ཚད་ཇེ་ལེགས་ཇེ་རྒྱས་སུ་ཕྱིན་ཡོད།
ཁོས“གློག་ཡོད་ཚེ་དཀའ་ངལ་མཐའ་དག་སེལ་ཐུབ། རྗེས་མར་ངས་ཆག་ཧྲུལ་འཕྲུལ་འཁོར་ཞིག་ཉོས་ནས་སྔོན་ལ་རང་ཁྱིམ་གྱི་རྩྭ་ཐང་ནས་གཟན་ཆག་འཚོལ་བསྡུ་བྱེད་རྒྱུ་ཡིན་ལ། གལ་ཏེ་དེའི་མི་འདང་ན་འབྲུ་རིགས་ཐོན་སྐྱེད་བྱ་ཡུལ་གཞན་ནས་འབྲུ་རིགས་ཁག་གཅིག་ཉོས་ཏེ་ལས་སྣོན་བྱ་རྒྱུ་ཡིན་ཞེས་བཤད། ཉིན་ཤས་གོང་ངས་གློག་མཁོ་འདོན་ཀུང་སིར་གློག་སྤྱོད་ཞུ་ཡིག་ཕུལ་བ་ཡིན། གློག་མཁོ་འདོན་ཀུང་སིའི་ལས་དོན་མི་སྣས་དེ་རིང་ངའི་ཁྱིམ་དུ་རྩད་ཞིབ་བྱེད་དུ་ཡོང་ནས་ཉིན་འགའ་སོང་རྗེས་གློག་མཁོ་འདོན་ཐུབ་ཀྱི་འདུག ཏང་གི་སྲིད་ཇུས་ཡག་པོ་འདུག རྒྱལ་ཁབ་ཀྱི་གློག་དྲ་ཡག་པོ་འདུག”ཅེས་དབྱི་སི་མཱ་ནེས་དེ་ལྟར་བཤད།
གསར་འགོད་པ། ཕག་མོ་ཚེ་བརྟན། ཁྲིན་ཝུན་ཉན།