རང་ཞིང་གི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་གྱི་ཆ་ཚང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་བཞིའི་ཆེད་དོན་མ་དངུལ་གྱི་རྒྱབ་སྐྱོར་ཐོབ། 
2021.03.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཞིང་ཆེན་ཡོངས་ཀྱི་ཁང་རྙིང་ཁུལ་གྱི་རྨང་གཞིའི་ཆ་ཚང་སྒྲིག་ཆས་ལ་གཏོར་བརླག་ཐེབས་པའམ་ཉམས་ཞན་དུ་གྱུར་བའི་གནད་དོན་ཚབས་ཆེན་ཐག་གཅོད་བྱེད་ཆེད། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཀྲུང་དབྱང་གི་དངུལ་གཏོང་བཀོད་སྒྲིག་ལ་དམ་པོར་དམིགས་ནས་བརྩོན་ལེན་བྱས་པས། ཉེ་སྔོན་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་རང་ཞིང་གི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་གྱི་ཆ་ཚང་རྨང་གཞིའི་སྒྲིག་ཆས་ཐད་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་བཞི་འདོན་སྤྲོད་བྱས་ཡོད། 

རྒྱུས་ལོན་བྱུང་བ་ལྟར་ན། སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་བཞིའི་མ་དངུལ་དེ་ཁང་རྙིང་ཁུལ་དང་འབྲེལ་བའི་ཆུ་འདོན་དང་བཙོག་ཆུ་ཕྱིར་འདོན། གློག་འདོན། གློག་ཤུགས་ཞན་པ། གཞུང་ལམ། སོལ་རླངས་ཕྱིར་འདོན། ཚ་འདོན། མེ་གསོད། བདེ་སྲུང་། འཚོ་བའི་གད་སྙིགས་ཀྱི་རིགས་དགར། སྤོ་སྒུལ་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་ཆས་དང་། དྲ་རྒྱ་ཁྱིམ་ཚང་སོ་སོར་འཐེན་པ། རྒན་གསོ། བུ་གཉོར་སོགས་ཆ་ཚང་རྨང་གཞིའི་སྒྲིག་ཆས་ལ་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་རྒྱུ་རེད། མ་དངུལ་དེ་ལས་རང་ཞིང་གི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་གཞིས་སྡོད་སྤུས་ཚད་ལེགས་བཅོས་བྱེད་པ་དང་། སྡོད་དམངས་ཀྱི་སྐྱིད་སྣང་དང་ཐོབ་ཚོར་ཇེ་དྲག་ཏུ་གཏོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།