ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན། རྒྱལ་སྤྱིའི་སྤྱི་ཚོགས་བྱ་བའི་ཉིན་མོ་ཐོན་ལ་ཉེ་བའི་སྐབས་སུ། ཞིང་ཆེན་དམངས་སྲིད་ཐིན་གྱིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་སྤྱི་ཚོགས་བྱ་བའི་མཐུན་ཚོགས་ཀྱིས་འགན་ཁུར་ནས་བསྒྲུབས་པའི་སྤྱི་ཚོགས་བྱ་བའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པའི2021ལོའི་སྤྱི་ཚོགས་བྱ་བའི་བརྗོད་དོན་དྲིལ་སྒྲོག་བྱ་འགུལ་ཟི་ལིང་ནས་དྲ་ཐོག་དང་ཡུལ་དངོས་ཀྱི་རྣམ་པ་མཉམ་དུ་སྤྱད་དེ་སྤེལ་མགོ་བརྩམས།
ཞིང་ཆེན་དམངས་སྲིད་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བྱ་བའི་ཞབས་ཞུ་སྡེ་ཁག་གིས་ཆེད་ལས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པར་རོགས་འདེགས་བྱས་པ་དང་། དབུལ་ཕོངས་ས་ཁུལ་ལ་ཁ་ཕྱོགས་ནས་ལས་གཞི་ང་གཅིག་ལག་བསྟར་བྱས་ལ། མ་དངུལ་སྒོར་ས་ཡ་དྲུག་དང་འབུམ་བརྒྱད་ཁྲི་ལྔ་བཏང་བ་དང་། དེའི་ཐད་ནས་ཞིང་སྡེའི་ཕ་མ་གམ་དུ་མེད་པའི་བྱིས་པའི་སྤྱི་ཚོགས་བྱ་བའི་ཞབས་ཞུ་དང་གྲོང་གསེབ་ཀྱི་སྡོད་གནས་ངེས་གཏན་མེད་པའི་མི་གྲངས་ཀྱི་སྤྱི་ཚོགས་ཁྲོད་འདྲེས་པར་བྱེད་པ། སྤྱི་ཚོགས་བྱ་བ་དབུལ་ཐར་མཁྲེགས་གཏོར་ཁྲོད་ཞུགས་པ་སོགས་འདུ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བྱ་བའི་ལས་བྱེད་མི་སྣའི་གྲངས་ཀ་ལོ་རེ་བཞིན་ཇེ་མང་དུ་སོང་བ་དང་། སྤྱི་ཚོགས་བྱ་བའི་ཆེད་དོན་འཇོན་མིའི་དཔུང་སྡེ་རྒྱུན་མཐུད་ངང་སྟོབས་ལྡན་དུ་བསྒྱུར། མིག་སྔའི་བར་དུ། བསྡོམས་པས་སྤྱི་ཚོགས་བྱ་བའི་ལས་བྱེད་མི་སྣ་ཁྲི་དྲུག་དང་སྟོང་ལྔ་ཡོད་པ་དང་། སྤྱི་ཚོགས་བྱ་བའི་ཆེད་ལས་འཇོན་མི་སྟོང་གསུམ་ལྷག་ཡོད་ལ། འཛིན་བྱང་ཡོད་པའི་སྤྱི་ཚོགས་བྱ་བའི་མི་སྣ་དགུ་བརྒྱ་དང་སོ་གསུམ་ཡོད། ད་ལོར་ཞིང་ཆེན་ཡོངས་ནས་ཞང་དང་གྲོང་རྡལ་ཉིས་བརྒྱ་བདམས་ནས་སྤྱི་ཚོགས་བྱ་བའི་ཞབས་ཞུ་ས་ཚིགས་འཛུགས་རྒྱུ་ཡིན་པ་དང་། སྤྱི་ཚོགས་བྱ་བའི་འཇོན་མི་ཞིང་སྡེ་རུ་བསྡད་དེ་ཆེད་ལས་ཞབས་ཞུ་སྤེལ་བར་སྣེ་ཁྲིད་དང་སྐུལ་སློང་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི2021ལོའི་སྤྱི་ཚོགས་བྱ་བའི་བརྗོད་དོན་དྲིལ་སྒྲོག་བྱ་འགུལ་སྤེལ་ཡུན་གཟའ་འཁོར་གཅིག་རིང་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་འབྲེལ་ཡོད་མཐོ་རིམ་སློབ་གྲྭ་དང་སྤྱི་ཚོགས་བྱ་བའི་ལས་ཁུངས། རྒྱ་ཆེའི་སྤྱི་ཚོགས་བྱ་བ་སྒྲུབ་མཁན་རྩ་འཛུགས་བྱས་ནས་སྤྱི་ཚོགས་བྱ་བའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པའི་བརྗོད་དོན་ལ་དམིགས་ནས་སྤྱི་ཚོགས་བྱ་བའི་སློབ་རའི་དྲིལ་སྒྲོག་སྤེལ། དེའི་ཁྲོད་འགྲེམ་སྟོན་དྲིལ་སྒྲོག་དང་སྤྲོ་སྐྱིད་ལྡན་པའི་ལུས་རྩལ་འགྲན་ཚོགས། ཤེས་བྱ་འགྲན་བསྡུར་སོགས་དང་། སྤྱི་ཚོགས་བྱ་བའི་སྡེ་ཁག་དང་སྤྱི་ཚོགས་བྱ་བའི་ལས་བྱེད་པ་གཞིས་ཁུལ་དུ་སོང་ནས་འགྲེམ་སྟོན་དྲིལ་སྒྲོག་དང་སྤྱི་ཚོགས་བྱ་བའི་སྒོ་འབྱེད་ཉིན་མོ། ཆེད་ལས་ཞབས་ཞུ། ལས་གཞི་འཁྲབ་སྟོན་བྱེད་པ་སོགས་འདུ།
བྱ་འགུལ་འགོ་རྩོམ་པའི་མཛད་སྒོའི་རྗེས་སུ། ཞིང་ཆེན་སྤྱི་ཚོགས་བྱ་བའི་མཐུན་ཚོགས་ཀྱིས་ད་དུང་སྤྱི་ཚོགས་བྱ་བའི་སྤྲོ་གླེང་བྱ་འགུལ་སྤེལ་ནས། རིག་གནས་པ་དང་ཆེད་མཁས་པ་དང་། སྤྱི་ཚོགས་བྱ་བའི་ལས་ཁུངས་ཀྱི་འགན་ཁུར་མི་སྣ། སྤྱི་ཚོགས་བྱ་བའི་འཐུས་མི་གདན་ཞུ་བྱས་ཏེ་སྤྱི་ཚོགས་བྱ་བ་དང་སྤྱི་ཚོགས་རྩ་འཛུགས་ལ་དམིགས་ནས་རང་སྟེང་གི་དགེ་མཚན་འདོན་སྤེལ་བྱས་པ་དང་། གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པའི་ཐད་ནས་ཕན་ཚུན་བརྗེ་རེས་བྱས། མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་ཞིང་ཕྱུགས་ཚན་རྩལ་ལས་རིགས་སློབ་གླིང་། མཚོ་སྔོན་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་བཅས་ཀྱི་ཆེད་མཁས་པ་དང་རིག་གནས་པ། སྤྱི་ཚོགས་བྱ་བའི་ཞབས་ཞུ་ལས་ཁུངས་ཀྱི་འགན་ཁུར་མི་སྣ་དང་སྤྱི་ཚོགས་བྱ་བ་སྒྲུབ་མཁན་གྱི་འཐུས་ཚབ་མི་སྣ་སྐོར་ཞིག་བཅས་བྱ་འགུལ་སྤེལ་འགོ་རྩོམ་པའི་མཛད་སྒོར་ཞུགས།
རིན་ཆེན་མཚོས་བསྒྱུར།