གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། 2021ལོར། རང་ཞིང་གིས་མུ་མཐུད་དུ་སློབ་གསོའི་ཐད་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ་དང་། སློབ་སྒྲུབ་ཆ་རྐྱེན་ཚད་གཞི་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། རྨང་གཞི་སློབ་གསོ་སྤུས་ལེགས་དང་དོ་མཉམ་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ། ཞན་ཆ་གསབ་པ། སློབ་གསོའི་འདྲ་མཉམ་རང་བཞིན་དང་ཀུན་ཕན་རང་བཞིན་སྔར་ལས་སྲ་བརྟན་དང་མཐོར་འདེགས་གཏོང་བ། མཚོ་སྔོན་གྱི་སློབ་གསོ་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཇེ་མགྱོགས་སུ་བཏང་སྟེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་བཟང་བོ་རྩོམ་པར་སྐུལ་འདེད་གཏོང་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་རང་ཞིང་གིས་གཙོ་བོར་བྱེད་ཐབས་བདུན་སྤྱད་དེ་སློབ་སྒྲུབ་ཆ་རྐྱེན་ཚད་གཞི་ཅན་དུ་བསྒྱུར་རྒྱུ་ཡིན་པ་སྟེ། གཅིག་ནས་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་ལྔ་བཏང་ནས། བྱིས་གཉོར་ཁང་ཉེར་གཅིག་དང་འོས་འགན་སློབ་གསོའི་སློབ་གྲྭ་ཞེ་ལྔ་གསར་འཛུགས་དང་བསྒྱུར་བཀོད་བྱེད་རྒྱུ་ཡིན་པ་དང་། གཉིས་ནས་འོས་འགན་སློབ་གསོའི་སློབ་གྲྭ་ཚད་སོན་བཟོ་སྐྲུན་ལག་བསྟར་བྱེད་པ། གསུམ་ནས་མཐོ་འབྲིང་དཀྱུས་མའི་སྲ་བརྟན་མཐོར་འདེགས་བཟོ་སྐྲུན་ལག་བསྟར་བྱེད་པ། བཞི་ནས་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་སྒྲིག་སྦྱོར་ཚད་གཞི་བཟོ་བཅོས་བྱེད་པ་དང་འཐུས་ཚང་དུ་གཏོང་བ། ལྔ་ནས་རོང་འབྲོག་ཁུལ་གྱི་སློབ་གྲྭའི་དག་གཙང་དྲོད་འདོན་དང་ཁྲུས་ཁང་། སྤྱོད་ཁང་སོགས་གནད་དོན་ཐག་གཅོད་པ། དྲུག་ནས་སློབ་གསོ་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པ་དང་། སློབ་གསོ་ཆ་འཕྲིན་ཅན་གྱི་འགུལ་སྐྱོད་འཆར་འགོད་གཉིས་པ་ལག་བསྟར་གཏིང་ཟབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིག་སྟོབས་སློབ་གསོའི་སྤྲིན་སྟེགས་སྒྲོམ་གཞི་ཐོག་མར་ཡོངས་འགྲུབ་བྱེད་པ། བདུན་ནས་སློབ་གསོ་ཆེད་དྲ་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། གཞི་གྲངས་སློབ་རའི་ཚད་སོན་སློབ་གྲྭ་འཛུགས་སྐྲུན་བྱེད་པ། ཞིང་ཆེན་རིམ་པའི་གཞི་གྲངས་སློབ་གསོའི་ཐོན་ཁུངས་ཀྱི་སྤྱི་ཐུན་ཞབས་ཞུ་མ་ལག་དང་སྟེགས་བུ་འཛུགས་སྐྲུན་བྱེད་པ་བཅས་བྱེད་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།