སྐྱེ་ཁམས་དཔལ་ཡོན་སྔར་ལས་མཐོར་འདེགས་དང་། རྒྱ་ཆེའི་མང་ཚོགས་ཀྱི་ཁོར་ཡུག་ལ་གཅེས་པ་དང་ནགས་ཚལ་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་ཆེད། ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན། །ཞིང་ཆེན་ནགས་ལས་དང་རྩ་ས་ཅུའུ་དང་། ཞིང་ཆེན་ལྗང་མདོག་ཅན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་། ཟི་ལིང་གྲོང་ཁྱེར་ནགས་ལས་དང་རྩ་ས་ཅུའུ། ཟི་ལིང་གྲོང་ཁྱེར་ལྗང་མདོག་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་མི་དམངས་སྤྱི་གླིང་གི་མཚེའུ་འགྲམ་ནས་གསུམ་པའི་ཉེར་གཅིག་ཉིན་གྱི་རྒྱལ་སྤྱིའི་ནགས་ཚལ་ཉིན་མོ་སྟེ། ནགས་ཚལ་སླར་གསོ་བྱས་ནས། བསྐྱར་གསོན་དང་ལས་བསོད་ཀྱི་ལམ་དུ་བསྐྱོད་ཅེས་པའི་བརྗོད་དོན་བྱ་འགུལ་སྤེལ།
བྱ་འགུལ་ཡུལ་དངོས་སུ། རྣམ་པ་སྣ་མང་སྤྱད་ནས་མང་ཚོགས་ལ་གསུམ་པའི་ཉེར་གཅིག་ཉིན་གྱི་རྒྱལ་སྤྱིའི་ནགས་ཚལ་ཉིན་མོའི་བྱུང་ཁུངས་དང་དོན་སྙིང་། རང་ཞིང་གི་ནགས་ཚལ་ཐོན་ཁུངས་སྤྱིའི་གནས་ཚུལ་སོགས་གསལ་འགྲེལ་བྱས་པར་མ་ཟད། ནགས་ཚལ་གྱི་བཅའ་ཁྲིམས་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས། ནགས་ཚལ་མེ་འགོག་རྐྱེན་སྲོལ་སོགས་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་སྒྲོག་བྱས།
དེ་ལས་གཞན། རང་ཞིང་གི་གཞོན་བྱིས་བྱ་འགུལ་ལྟེ་གནས་ཀྱི་དགེ་སློབ་ཉི་ཤུ་ལྷག་གིས་ནགས་ཚལ་སྲུང་སྐྱོབ་དང་། ལྗང་མདོག་གི་ཁྱིམ་གཞིས་མཉམ་སྐྲུན་བྱེད་པ་བརྗོད་གཞི་ཡིན་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དཔེ་རིས་བྲིས། ཁོ་ཚོས་ཚོན་སྨྱུག་ལ་བརྟེན་ནས་རང་གི་སེམས་ཁོང་གི་རང་བྱུང་ཁམས་ཆེན་མོ་འབྲི་བཞེངས་བྱས་པ་མ་ཟད། རི་མོའི་ཁྲོད་དུ་མཛེས་པའི་མཚོ་སྔོན་གྱི་ནམ་མཁའ་སྔར་ལས་སྔོ་ཞིང་། རི་བོ་སྔར་ལས་ལྗང་བ། ཆུ་མོ་སྔར་ལས་དྭངས་པ། ཁོར་ཡུག་སྔར་ལས་མཛེས་པའི་ཡིད་འོང་གི་རེ་སྨོན་མཚོན་འདུག
རྒྱུས་ལོན་པ་ལྟར་ན།འཛམ་གླིང་ནགས་ཚལ་གྱི་ཉིན་མོ་ལ་འཛམ་གླིང་ནགས་ལས་དུས་ཆེན་ཞེས་ཀྱང་སྒྱུར་ཡོད། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་ཉིན་ཡོངས་སུ་ཁྱབ་སྒྲོག་བྱས་ཏེ། ལོ་རེའི་ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་ནི་རྒྱལ་སྤྱིའི་ནགས་ཚལ་ཉིན་མོར་གཏན་འཁེལ་བྱས་ནས། འཛམ་གླིང་གི་རྒྱལ་ཁབ་སོ་སོར་ནགས་ཚལ་གྱི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པ་དང་གོ་ལ་རང་བཞིན་གྱི་སྡོང་འཛུགས་ལས་འགུལ་སྤེལ་བར་སྐུལ་སྤེལ་བྱ་བར་འབོད་སྐུལ་ཞུས་པ་རེད།
ལོ་ཙཱ་བ། སྐལ་བཟང་རྣམ་རྒྱལ།