མཚོ་སྔོན་ཞིང་ཆེན་ཕན་བདེ་སྨན་ཁང་དུ་བོད་ལུགས་དཔྱད་བཅོས་ཚན་ཁག་ཅིག་གསར་དུ་བཙུགས།
2021.03.22 ཁུངས། ཀློག་གྲངས། 731

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། (གསར་འགོད་པ།  དབང་རྒྱལ་ཚེ་རིང་།  ཐུབ་བསྟན།)ཉེ་ཆར་མཚོ་སྔོན་ཞིང་ཆེན་ཕན་བདེ་སྨན་ཁང་དུ་བོད་སྨན་དཔྱད་བཅོས་ཚན་ཁག་ཅིག་གསར་དུ་བཙུགས་ཡོད་ལ། ཚན་ཁག་འདི་ནི་སྨན་ཁང་གིས་དཔྱད་བཅོས་ཀྱི་ཕྱོགས་ལ་ནུས་ཤུགས་གང་ཡོད་འདོན་ཆེད་དང་བོད་ལུགས་གསོ་རིག་གིས་ལེགས་ཆ་འདོན་སྤེལ་གང་ལེགས་བྱ་ཆེད་དུ་བཙུགས་པ་ཞིག་ཡིན། སྨན་ཁང་འདིས་ཆེད་དུ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ལས་འཁྱུར་ངལ་གསོ་བྱས་པའི་སྨན་པ་ནོར་བུ་དང་པདྨ་ཚེ་རིང་གཉིས་གདན་ཞུ་བྱས་ཏེ། ནད་ཀྱི་བརྟག་ཐབས་དང་ནད་ཐོག་ལག་ལེན་གྱི་ཕྱོགས་ལ་མཐུན་སྦྱོར་ལེགས་པོ་བསྐྲུན་ཏེ། ཕྱོགས་བསྡུས་རང་བཞིན་གྱི་བརྟག་དཔྱད་འཕྲུལ་ཆས་དང་གསོ་བཅོས་ཀྱི་སྐོར་ལ་ཕན་པའི་འཕྲུལ་ཆས་གང་མང་སྒྲིག་འཛུགས་བྱས་ཡོད། དེ་མིན་རྐང་ལག་སྐྱོང་སྐུམ་མི་ཐུབ་པ་དང་འགྲོ་འཆག་སྟབས་བདེ་མིན་པའི་ནད་པ་ལ་དམིགས་ཏེ་དེའི་སྐོར་གསོ་བཅོས་བྱེད་ཐུབ་པའི་འཕྲུལ་ཆས་ནང་འདྲེན་དང་བོད་ཀྱི་གསོ་རིག་གཞུང་ལུགས་ལྟར་དེ་དག་ལ་ཕན་པའི་གསོ་བཅོས་བྱ་ཐབས་ལ་བརྟེན་ནས། རྒྱ་ཆེའི་ནད་པ་དག་གི་རེ་འདོད་ཀྱི་དགོས་མཁོ་བསྐངས་དང་སྐོང་བཞིན་ཡོད། དེ་མིན་བོད་ལུགས་དཔྱད་བཅོས་ཚན་ཁག་འདིའི་ཁྱད་ཆོས་གཙོ་བོ་ནི་མེ་བཙའ་དང་མེ་བུམ་འཇོག་པ། སྐམ་ཁབ་རྒྱག་པ། སྨན་ལུམས་སོགས་ཀྱིས་མཚོན་པའི་བོད་ལུགས་གསོ་རིག་གི་གསོ་བཅོས་བྱེད་ཐབས་མང་པོ་བཀོལ་ནས་ཕྱོགས་ཀུན་གྱི་ནད་པ་རྣམས་སྡུག་བསྔལ་ལས་གྲོལ་བར་བརྩོན་བཞིན་ཡོད།

མཚོ་སྔོན་ཞིང་ཆེན་ཕན་བདེ་སྨན་ཁང་ནི་ལོ་ངོ20ལྷག་གི་རིང་ལ་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་གང་མང་ཡོད་པའི་སྨན་ཁང་ཞིག་ཡིན་ལ། ལྷག་པར་དུ་ཀླད་པའི་ཁྲག་རྩའི་ནད་དང་།  རྐང་ལག་ན་བ། ལུས་ཞ་བ།  རུས་ཚིགས་ན་བ་སོགས་ཀྱི་སྨན་བཅོས་བྱེད་ཐབས་ཕུན་སུམ་ཚོགས་ཤིང་། སྨན་ཁང་གི་ཞིབ་བཤེར་སྒྲིག་ཆས་ཆ་ཚང་ལ། མཉེན་ཕུང་སྒྲིག་འཛུགས་སྨན་བཅོས་ཡོ་བྱད།  གློག་སྒུལ་སྦྱོང་བརྡར་ཡོ་བྱད།  རམ་སྐྱོར་སྦྱོང་བརྡར་ཡོ་བྱད།  ཡན་ལག་ནུས་གསོའི་སྦྱོང་བརྡར་ཡོ་བྱད། བདེ་ཐང་སླར་གསོའི་སྦྱོང་བརྡར་ཡོ་བྱད།  ཀླད་པའི་བྱེད་ནུས་དང་ཡན་ལག་གི་བྱེད་ནུས་སླར་གསོ་བྱེད་པའི་ཕྱོགས་ལ་ཕན་འབྲས་བཟང་བོ་ཐོན་དང་འདོན་ནུས་ཡོད།

དེ་མིན་སྨན་ཁང་འདིར་མཚོན་ན། ད་ཆར་སྨན་བཅོས་འགན་ལེན་གྱི་མ་ལག་འཐུས་ཚང་དུ་བཏང་སྟེ། རང་ཞིང་གི་ཞིང་ཆེན་རིམ་པ་དང་ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར། རྨ་ལྷོ་ཁུལ། མཚོ་ལྷོ་ཁུལ། མཚོ་བྱང་ཁུལ། མཚོ་ནུབ་ཁུལ། མགོ་ལོག་ཁུལ། ཡུས་ཧྲུའུ་ཁུལ་བཅས་གྲོང་ཁྱེར་དང་ས་ཁུལ་ཡོངས་ཀྱི་སྨན་བཅོས་འགན་ལེན་གྱི་བྱང་བུ་བཀོལ་ཆོག་པར་མ་ཟད། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་སོགས་ནས་ཆེད་མཁས་སྨན་པ་གྲགས་ཅན་གདན་ཞུ་བྱས་ཏེ་ནད་ཐོག་སྨན་བཅོས་བྱེད་བཞིན་ཡོད་ལ། སྨན་ཁང་འདི་ནས་ཞག་སྡོད་བྱེད་པའམ་སྨན་ཁང་གཞན་ལ་བརྟག་དཔྱད་དང་སྨན་བཅོས་བྱ་འདོད་པའི་རེ་བ་ཡོད་ཚེ། འདི་གའི་སྨན་ཁང་ནས་འགྲོ་རོགས་དང་དེར་འགན་ལེན་གང་ལེགས་བྱེད་ངེས་ཡིན།

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ལས་འཁྱུར་ངལ་གསོ་བྱས་པའི་ཆེད་མཁས་སྨན་པ་ནོར་བུ་དང་པདྨ་ཚེ་རིང་།

བརྟག་དཔྱད་འཕྲུས་ཆས་ངོ་སྤྲོད་བྱེད་བཞིན་པ།

ནད་པ་རྣམས་ཀྱིས་ཕུལ་བའི་བཀའ་དྲིན་ཞུ་ཡིག

ཡན་ལག་ནུས་གསོ་སྦྱོང་བརྡར་བྱེད་བཞིན་པ།