ཞིང་ཆེན་གནམ་གཤིས་སྡེ་ཁག་གིས་འཛམ་གླིང་གནམ་གཤིས་ཉིན་མོར་རྗེས་དྲན་ཞུ་བའི་ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག་བྱ་འགུལ་སྤེལ།
2021.03.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན་ནི་འཛམ་གླིང་གནམ་གཤིས་ཉིན་མོ་ཐེངས་རེ་གཅིག་པ་ཡིན་པ་དང་། ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་ནས་བཟུང་། རང་ཞིང་གི་གནམ་གཤིས་སྡེ་ཁག་གིས་དྲིལ་སྒྲོག་དང་སློབ་གསོ། འཕྲལ་བསྟུན་དོ་དམ་སྡེ་ཁག་དང་གཞིས་ཁུལ་སོགས་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ། འཛམ་གླིང་གནམ་གཤིས་ཉིན་མོའི་མུ་འབྲེལ་ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་། དེ་གོ་སྐབས་སུ་བརྩིས་ནས་གནམ་གཤིས་ཚན་རྩལ་ཤེས་བྱ་བརྒྱུད་སྒྲོག་བྱས་ཏེ། མང་ཚོགས་ཀྱི་གནམ་གཤིས་གནོད་སྐྱོབ་གནོད་འགོག་འདུ་ཤེས་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་འཛམ་གླིང་གནམ་གཤིས་ཉིན་མོའི་བརྗོད་དོན་ནི་རྒྱ་མཚོ་དང་། ང་ཚོའི་ནམ་ཟླ་དང་གནམ་གཤིས་ཞེས་པ་དེ་ཡིན་ལ། དེའི་དམིགས་འབེན་ནི་མི་རྣམས་ཀྱིས་རྒྱ་མཚོ་དང་ནམ་ཟླ། གནམ་གཤིས་བཅས་བར་གྱི་ཁ་འབྲལ་ཐབས་མེད་པའི་འབྲེལ་འདྲིས་ལ་རྒྱུས་ལོན་ཟབ་མོ་བྱེད་པར་རོགས་འདེགས་བྱེད་རྒྱུ་དེ་རེད། རང་ཞིང་གི་གནམ་གཤིས་སྡེ་ཁག་གིས་དྲ་རྒྱ་གཙོ་བྱས་པའི་རྩ་དོན་ལྟར་རྗེས་དྲན་བྱ་འགུལ་སྤེལ་བ་དང་། མཉམ་འབྲེལ་དྲ་རྒྱ་དང་ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག་མཉམ་འབྲེལ་བྱས་པའི་བསམ་བློ་བཀོལ་སྤྱོད་གང་ལེགས་བྱས་ཏེ། ཁྱོན་ཡོངས་ནས་གནམ་གཤིས་ལས་རིགས་ཀྱི་ལག་རྩལ་གསར་པ་དང་གྲུབ་འབྲས་གསར་པ་འགྲེམ་སྟོན་བྱས།

འཛམ་གླིང་གནམ་གཤིས་ཉིན་མོའི་བརྗོད་དོན་ལ་དམིགས་ནས། མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུའུ་ཡིས་དྲ་ཐོག་ཆེད་དོན་འཆད་ཁྲིད་སྤེལ་བ་དང་། ཚན་རྩལ་ཁྱབ་གདལ་ཆེད་མཁས་པའི་དཔུང་སྡེ་སློབ་གྲྭ་འབྲིང་ཆུང་དུ་སོང་ནས་ཡུལ་དངོས་ཚན་རྩལ་ཁྱབ་གདལ་གྱི་འཆད་ཁྲིད་བྱས་ལ། གནམ་གཤིས་ཚན་རྩལ་ཁྱབ་གདལ་གཞིས་ཁུལ་དང་ཞིང་སྡེ། དགོན་སྡེ་བཅས་སུ་དྲིལ་སྒྲོག་བྱས་་པ་དང་། མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུའུ་ཡི་གནམ་གཤིས་ཚན་རིག་ཞིབ་འཇུག་དང་ཚན་རིག་ཁྱབ་གདལ་རྟེན་གཞི་དང་གནམ་གཤིས་ཚན་རྩལ་ཁྱབ་གདལ་སློབ་གསོ་རྟེན་གཞི་སོགས་ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག་བྱ་འགུལ་སྤེལ་ནས། ཁྱོན་ཡོངས་དང་ཟུར་སྣེ་མང་པོ། མི་ཚོགས་མང་པོར་གནམ་གཤིས་ཤེས་བྱ་ཁྱབ་གདལ་བྱས།

རིན་ཆེན་མཚོས་བསྒྱུར།