ཟླ་གསུམ་པའི་ཚེས་བརྒྱད་ཉིན་ནས་ཚེས་བཅུ་དྲུག་ཉིན་བར། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གྲོང་ཁྱེར་དང་ཁུལ་སོ་སོར་སོང་ནས་ཞིང་ཆེན་ཡོངས་ཀྱི་དངུལ་གཏོང་ལས་གཞི་དྲ་ཐོག་ནས་ཆོག་མཆན་འགོད་པའི་ལྟ་སྐུལ་དོ་དམ་སྟེགས་བུ་གསོ་སྦྱོང་ཞབས་ཞུ་སྤེལ་བ་དང་། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་གྲོང་ཁྱེར་དང་རྫོང་སོ་སོའི་འབྲེལ་ཡོད་མཆན་འགོད་སྡེ་ཁག་གི་བྱ་བའི་མི་སྣ་སྟོང་གཅིག་གསོ་སྦྱོང་ལ་ཞུགས།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གསོ་སྦྱོང་སྐབས་སུ་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་མཆན་འགོད་སྲིད་ཇུས་ཆེད་དོན་བྱ་བའི་རུ་ཁག་དང་ཞིང་ཆེན་ཆ་འཕྲིན་ལྟེ་གནས་དངུལ་གཏོང་སྟེགས་བུའི་འབྲེལ་ཡོད་ཆེད་མཁས་པ་དང་དྲ་ཐོག་སྟེགས་བུའི་འགན་སྒྲུབ་ལས་ཁུངས་ཀྱི་ཆེད་མཁས་པ་བཅས་གདན་ཞུ་བྱས་ནས། དངུལ་གཏོང་སྟེགས་བུའི་སྲིད་ཇུས་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་དང་། སྟེགས་བུའི་མཆན་འགོད་བརྒྱུད་རིམ། དུས་ཚོད་རྩི་བ། ལག་རྩལ་དགོས་མཁོ་དང་སྟེགས་བུ་ལག་བསྟར་ཕྱོགས་སྟོན་སོགས་ཐད་ནས་འགྲེལ་ཀློག་ཞིབ་མོ་བྱས།
ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། གོ་རིམ་རྗེས་མར་ས་ཁུལ་སོ་སོ་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་སོ་སོ་དང་མཉམ་དུ། དངུལ་གཏོང་སྟེགས་བུའི་སྲིད་ཇུས་འགྲེལ་ཀློག་དང་བཀོལ་སྤྱོད། གསོ་སྦྱོང་དྲིལ་སྒྲོག་སོགས་བྱ་བ་བཟང་བོར་བསྒྲུབ་པ་དང་། དྲ་ཐོག་མཆན་འགོད་ཁྱོན་ཡོངས་ནས་སྤེལ་ལ། དངུལ་གཏོང་སྟེགས་བུ་བཀོལ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བྱེད་པ། ཧུར་ཐག་གིས་མཆན་འགོད་ལས་ཁུངས་སུ་འགྲོ་མི་དགོས་པ་དང་དྲ་ཐོག་ནས་ཐད་ཀར་ཆོག་མཆན་འགོད་པ་མངོན་འགྱུར་བྱེད་པ། སྟེགས་བུ་ལས་གཞན་པ་རུ་ཆོག་མཆན་འགོད་ས་མེད་པའི་གཏན་ཁེལ་བཅོས་བསྒྱུར་དམིགས་འབེན་མངོན་འགྱུར་བྱས་ཏེ། མཚོ་སྔོན་གྱི་ཚོང་གཉེར་ཁོར་ཡུག་དང་དངུལ་གཏོང་ཁོར་ཡུག་ལེགས་བསྒྱུར་བྱེད་པའི་རིམ་སྤོར་པར་གཞི་བསྐྲུན་རྒྱུ་ཡིན་ཟེར།
རིན་ཆེན་མཚོས་བསྒྱུར།