རང་ཞིང་གི་བཟོ་ཚོགས་ཀྱིས་དཔེ་མཚོན་ལས་བཟོ་པའི་ཁྱིམ་ཚང་གི་འབྲེལ་མཐུད་མཉམ་འཛུགས་ཚོད་ལྟའི་བྱ་འགུལ་སྤེལ།
2021.03.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན། གསར་འགོད་པས་ཞིང་ཆེན་སྤྱིའི་བཟོ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། རང་ཞིང་གི་བཟོ་ཚོགས་རྩ་འཛུགས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་དཔེ་མཚོན་ལས་བཟོ་པའི་ཁྱིམ་ཚང་གི་འབྲེལ་མཐུད་མཉམ་འཛུགས་ཚོད་ལྟའི་བྱ་འགུལ་སྤེལ་ནས། འཛུགས་སྐྲུན་མ་བྱས་པའི་བཟོ་ཚོགས་དང་ཡང་ན་བྱ་བའི་རྨང་གཞི་ཞན་པ། ནུས་པ་མངོན་གསལ་མིན་པའི་སྡེ་ཁག ལྷག་པར་དུ་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་ཀྱིས་ཚད་དང་ལྡན་པར་བཟོ་ཚོགས་འཛུགས་པ་དང་ཁྱིམ་ཚང་འཛུགས་པར་སྐུལ་འདེད་གཏོང་རྒྱུ་རེད།

ཐེངས་འདིའི་འབྲེལ་མཐུད་མཉམ་འཛུགས་བྱ་འགུལ་གྱིས་ས་ཁོངས་ཐག་ཉེ་དང་ལས་རིགས་འདྲ་མཚུངས་དང་རང་རྟོགས་རང་མོས་དང་ཕྱོགས་གཉིས་གདམ་གསེས་ཀྱི་རྩ་དོན་ལྟར། རྩ་འཛུགས་ཀྱི་ཁོངས་གཏོགས་འབྲེལ་བ་གཞིར་བཟུང་ནས། ཞིང་ཆེན་སྤྱིའི་བཟོ་ཚོགས་དང་གྲོང་ཁྱེར་དང་རྫོང་རིམ་པའི་བཟོ་ཚོགས་སོ་སོས་རྒྱལ་ཡོངས་དཔེ་མཚོན་ལས་བཟོ་པའི་ཁྱིམ་ཚང་དང་། ཞིང་ཆེན་རིམ་པ་དང་གྲོང་ཁྱེར་རིམ་པའི་དཔེ་མཚོན་ལས་བཟོ་པའི་ཁྱིམ་ཚང་གི་མཚན་མིང་ཐོབ་པའི་གཞི་རིམ་བཟོ་ཚོགས་གཅིག་ནས་གཉིས་བདམས་ཏེ། སོ་སོར་བྱ་བའི་རྨང་གཞི་ཅུང་ཞན་པ་དང་གསོན་ཤུགས་མི་འདང་བ། ནུས་པ་འདོན་སྤེལ་བྱེད་ཚད་མི་འདང་བའི་གཞི་རིམ་བཟོ་ཚོགས་གཅིག་དང་ཡང་ན་གཉིས་དང་འབྲེལ་མཐུད་བྱས་ནས་མཉམ་འཛུགས་བྱེད་པ་དང་། ཚད་གཅི་ཅན་གྱི་འཛུགས་སྐྲུན་ཐད་ནས་གནད་དོན་ཅུང་མང་བའི་གཞི་རིམ་བཟོ་ཚོགས་འབྲེལ་མཐུད་མཉམ་འཛུགས་ཀྱི་ཁྱབ་ཁོངས་སུ་འཇོག་རྒྱུ་རེད།

དེ་དང་མཉམ་དུ། ཁྱིམ་ཚང་དུ་སོང་ནས་མཛུབ་སྟོན་བྱེད་པ་དང་བྱ་འགུལ་ལ་ཞུགས་པ། ཡུལ་དངོས་ལྟ་སྦྱོང་། དྲ་ཐོག་བརྗེ་རེས་སོགས་རྣམ་པ་མང་པོ་བརྒྱུད་དེ། གཞི་རིམ་བཟོ་ཚོགས་ཀྱི་ཁྱད་ཆོས་གཉིས་དང་ཡོད་པ་དྲུག བརྩོན་ལེན་གཉིས་སོགས་བརྗོད་དོན་ལ་དམིགས་ནས། ཁྱད་ཆོས་ལྡན་པའི་མཉམ་འཛུགས་བྱ་འགུལ་སྤེལ་བ་དང་། རོགས་འཛུགས་བྱས་པའི་གཞི་རིམ་བཟོ་ཚོགས་ཀྱིས་ཚད་ལྡན་གྱི་ལས་བཟོ་བའི་ཁྱིམ་ཚང་འཛུགས་པར་སྐུལ་འདེད་བཏང་།

དེ་ལས་གཞན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་རེ་བ་ལྟར། གོང་རིམ་བཟོ་ཚོགས་ཀྱིས་འབྲེལ་མཐུད་བྱས་པའི་གཞི་རིམ་བཟོ་ཚོགས་ཀྱིས་ཉུང་མཐར་ཟླ་གཉིས་ལ་མཉམ་འཛུགས་བྱ་འགུལ་ཐེངས་གཅིག་སྤེལ་བ་དང་། ལས་བཟོ་བ་དང་མང་ཚོགས་ལ་འབྲེལ་འདྲིས་དམ་ཟབ་བྱེད་པ། མཉེན་ཆས་དང་མཁྲེགས་ཆས་གཉིས་ལ་དོ་སྣང་བྱེད་པ། ནང་དོན་དང་རྣམ་པ་གཉིས་གཅིག་གྱུར་བྱས་ཏེ། མཉམ་འཛུགས་བྱ་འགུལ་ཐད་ནས་ཕན་འབྲས་བཟང་བོ་ལེན་པར་སྐུལ་འདེད་བཏང་། འབྲེལ་མཐུད་མཉམ་འཛུགས་བྱ་འགུལ་ཁྲོད་བྱ་བ་འབུར་དུ་ཐོན་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར་དེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དཔེ་མཚོན་ལས་བཟོ་བའི་ཁྱིམ་ཚང་དང་ཕུལ་བྱུང་བཟོ་ཚོགས་ཀྱི་ལས་བྱེད་པར་མཚམས་སྦྱོར་བྱ་ཡུལ་གཙོ་བོ་ཡིན། 

རིན་ཆེན་མཚོས་བསྒྱུར།