“སྐྱེ་དངོས་སྟོབས་ཀྱིས་རྒྱས། དཔྱིད་ཀྱི་མེ་ཏོག་བཞད”ཅེས་པའི་མཚོ་ལྷོའི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཟི་ལིང་དུ་བསྡུས།
2021.03.26 ཁུངས། ཀློག་གྲངས། 191

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། (གསར་འགོད་པ། ཚེ་མ། དབང་རྒྱལ་ཚེ་རིང་།)སྐྱེ་ཁམས་ཡུལ་སྐོར་ཚད་མཐོའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང་། ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཡུལ་སྐོར་གནས་ཡུལ་བསྐྲུན་པ། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི“རབ་མཛེས་མཚོ་སྔོན་གྱི་དམངས་ཀྱི་ཡུལ་སྐོར”གྱི་ལས་དོན་བརྗོད་གཞིར་བཟུང་ནས། ཟླ་3པའི་ཚེས་26ཉིན། མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་གཙོ་སྒྲུབ་གནང་ཞིང་།མཚོ་སྔོན་ཞིང་ཆེན་ཡུལ་སྐོར་མཐུན་ཚོགས་དང་། མཚོ་སྔོན་ཧྥན་པའོ་ཚོགས་འདུ་འགྲེམ་ཚོགས་ཞབས་ཞུ་ཚད་ཡོད་འགན་ལེན་ཀུང་ཟིས་མཉམ་འབྲེལ་གནང་ལ། མཚོ་སྔོན་ཞིང་ཆེན་ཨ་ཅེ་འབྲོག་མོ་རིག་གནས་ཡུལ་སྐོར་ཐོན་ལས་ཚད་ཡོད་ཀུང་ཟི་དང་། ཐུན་ཏེ་རྫོང་རིག་གནས་ཁང་། གུང་ཧོ་རྫོང་རིག་གནས་ཁང་། ཁྲི་ཀ་རྫོང་རིག་གནས་ཁང་། ཀོས་ནན་རྫོང་རིག་གནས་ཁང་བཅས་ཀྱིས་རོགས་སྒྲུབ་གནང་བའི་“སྐྱེ་དངོས་སྟོབས་ཀྱིས་རྒྱས། དཔྱིད་ཀྱི་མེ་ཏོག་བཞད”ཅེས་པའི་མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་དེ་ཟི་ལིང་དུ་བསྡུས། ཐེངས་འདིའི་མཛད་སྒོའི་སྟེང་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ལས་དོན་ཁང་གྲགས་ཅན་120ཡི་འགན་འཁུར་བ་དང་། ཞིང་ཆེན་ནང་ཁུལ་གྱི་སྨྱན་བྱད་ལས་ཁུངས་དང་རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་འཐུས་མི་200ལྷག་ཞུགས་ཡོད་པ་རེད།

མཛད་སྒོའི་སྟེང་ཐོག་མར་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་ལམ་ཐིག་བརྒྱད་འོས་སྦྱོར་བྱས་པ་ཡིན་ལ། ལམ་ཐིག་འདི་དག་བཟའ་བཏུང་དང་། སྡོད་གནས། ཡུལ་སྐོར། འགྲོ་འོང་། ཉོ་སྒྲུབ། རོལ་རྩེད་བཅས་སྣེ་དྲུག་ལས་ཚོང་དོན་དང་། ཁམས་གསོ། སློབ་སྦྱོང་། སྤྲོ་གསེང་། བརྩེ་སེམས། ཁྱད་མཚར་སོགས་ལ་རྒྱ་བསྐྱེད་དེ་ཚོགས་ཞུགས་སྐུ་མགྲོན་ཡོངས་ལ་མཚོ་ལྷོ་ཁུལ་གྱི་རྫོང་སོ་སོའི་ཡུལ་སྲོལ་གོམས་གཤིས་དང་། མཛེས་པའི་ལྗོངས་རྣམ། དམངས་སྲོལ་རིག་གནས། ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བཅས་ངོ་སྤྲོད་བྱས་ཏེ་ཡུལ་སྐོར་ཁང་སོ་སོ་དང་། སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པར་དགའ་མཁན་ཚོར་རང་ཉིད་ཀྱི་འདོད་མོས་ལྟར་ཡུལ་སྐོར་བྱེད་པའི་ལམ་ཐིག་འོས་སྦྱོར་བྱས་པ་རེད།

མཛད་སྒོའི་སྟེང་ད་དུང་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་བྱས་ཏེ་མཚོ་ལྷོའི་ཁྱད་ཆོས་མངོན་གསལ་དོད་པོའི་ཨ་མདོའི་རྩེད་རིག་དང་། སྲོལ་རྒྱུན་སོར་འཇོག་དང་གསར་གཏོད་ཀྱི་ཆ་འདྲེས་པའི་རྒྱན་གོས། གདངས་མ་མཉམ་པའི་དམངས་གླུ་བཅས་ཀྱིས་ཚོགས་ཞུགས་སྐུ་མགྲོན་ཡོངས་ཀྱི་ཡིད་དབང་ཅིག་ཅར་འཕྲོག

མཇུག་མཐར་ཡུལ་སྐོར་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཏེ་ཡུལ་སྐོར་སྤྲོ་གསེང་བྱ་ཡུལ་གྱི་ཚོང་རྟགས་གྲགས་ཅན་བསྐྲུན་པ་དང་། ཡུལ་སྐོར་ལས་རིགས་མགྱོགས་མྱུར་དང་སྤུས་ལེགས་སྒོས་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་ཆེད་མཚོ་ལྷོ་ཁུལ་གྱི་མཛེས་ལྗོངས་ཁུལ་ཆེ་གྲས་ཁག་གི་གཟིགས་སྐྱོང་སྲིད་ཇུས་འགྲེལ་བཤད་བྱས། དེའི་མིན་ད་དུང་ཁྲི་ཀ་རྫོང་སྐབས་བཅུ་དྲུག་པའི་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་དུས་ཚོད་བཀོད་སྒྲིག་དང་། གུང་ཧོ་རྫོང་ཚལ་རྔ་འགག་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་གྱི་སྒོ་འབྱེད་པའི་བརྡ་འཕྲིན་སོགས་ཁྱབ་བསྒྲགས་བྱས་ནས། རྒྱལ་ཡོངས་མི་དམངས་མཚོ་ལྷོ་ཁུལ་ལ་ཡུལ་སྐོར་དུ་ཕེབས་པར་གདན་ཞུ་བྱས་པ་རེད།

ཐེངས་འདིའི་མཛད་སྒོ་བརྒྱུད། ཕྱོགས་ཡོངས་ནས་མཚོ་ལྷོ་ཁུལ་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་། སྐྱེ་ཁམས་ཁོར་ཡུག ཡུལ་སྲོལ་གོམས་འདྲིས། ལོ་རྒྱུས་ཀྱི་རྒྱུན་རིང་བའི་རིག་གནས། མཚོ་ལྷོའི་རིག་གནས་ཡུལ་སྐོར་མཉམ་འདྲེས་ལས་དོན་ཀྱི་གྲུབ་འབྲས་མངོན་པར་མཚོན་ཡོད་པ་མ་ཟད།ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ཁང་དང་འབྲེལ་ཡོད་ཁེ་ལས་རྣམས་ཀྱིས་རིམས་ནད་་རྗེས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སླར་གསོའི་ཁྲོད་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ཇུས་འགོད་ལེགས་པོ་དང་གོམ་སྟབས་བརྟན་པོའི་ངང་མགོ་རྩོམ་པར་འགན་ལེན་བྱས།


མཚོ་ལྷོ་ཁུལ་ཏང་ཨུའུ་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པའམ་མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་ཀི་བིན་ཅོན་གྱིས་འགོ་རྩོམ་མཛད་སྒོའི་སྟེང་གཏམ་བཤད་གནང་བཞིན་པ།

མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཁང་མཐུན་ཚོགས་ཀྱི་ཚོགས་གཙོ་ཡེན་བན་ཁྲིན་གྱིས་ཤིས་ཚིག་འབུལ་བཞིན་པ།

ཡུལ་སྐོར་ལམ་ཐིག་འོས་སྦྱོར་བྱེད་བཞིན་པ།

ཚོགས་རའི་ཡུལ་དངོས།

མཚོ་ལྷོའི་གྱོན་ཆས་དང་རིག་རྩལ་འཁྲབ་སྟོན།

མཛད་སྒོའི་སྟེང་ཡུལ་སྐོར་ལྗོངས་ཁུལ་གྱི་གཟིགས་སྐྱོང་བྱ་དགའ་ལེན་བཞིན་པ།

ཁྲི་ཀ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་སུང་ཀྲིན་གང་གིས་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཆེན་དང་འབྲེལ་བའི་ཡུལ་སྐོར་འོས་སྦྱོར་བྱེད་བཞིན་པ།