རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ནི་དབུལ་ཕོངས་མི་གྲངས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར། ཆེས་མངོན་སུམ་གྱི་ཁེ་ཕན་གནད་དོན་ཡིན། རང་ཞིང་གིས་ལོ་རེ་བཞིན་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ་དང་། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བསྒྱུར་བྱེད་པའི་རེ་བ་དེ་མཛེས་སྡུག་འཚོ་བའི་ཐད་ཀྱི་རེ་སྒུག་དང་མཐུན་པར་བྱེད་ཆེད། ད་ལོར། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་རོང་འབྲོག་ཁྱིམ་ཚང་ཁྲི་བཞིའི་སྡོད་ཁང་ཆ་རྐྱེན་ལེགས་བསྒྱུར་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས་ཏེ། རོང་འབྲོག་ཁུལ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད།
2016ལོའི་ཚུན་དུ། རང་ཞིང་གི་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་དབུལ་ཐར་མཁྲེགས་གཏོར་གྱི་སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་སྤྱི་ཁོག་གི་དམིགས་འབེན་ལས་འགན་ཁྲོད་ཀྱི་སྡོད་ཁང་བདེ་འཇགས་ལ་འགན་སྲུང་ཡོད་པའི་དམིགས་འབེན་ལ་དམ་དུ་དམིགས་ནས། ཡིག་ཚགས་འཛུགས་པ་དང་བྱང་བུ་ལས་རྒྱུ་དེ་དབུལ་ཕོངས་ཁྱིམ་ཚང་གི་མཁྲེགས་གཏོར་གཙོ་གནད་དུ་བྱས་པ་དང་། སྤྱིར་བཏང་གི་ཁྱིམ་ཚང་ཞིང་ཆེན་རིམ་པའི་ནོར་སྲིད་ཁ་གསབ་ཁྱབ་ཁོངས་སུ་བཞག་སྟེ་ཉེན་ཁང་བསྒྱུར་བཀོད་བྱས་ནས། བསྡོམས་པས་རོང་འབྲོག་མང་ཚོགས་ཀྱི་ཁང་རྙིང་ཉེན་ཁང་འབུམ་གཉིས་ལྷག་བསྒྱུར་བཀོད་བྱས་པ་དང་། ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་ཁྲི་བཞི་དང་སྟོང་ལྔའི་ཉེན་ཁང་བསྒྱུར་བཀོད་བྱས་པར་བརྟེན་ནས་སྡོད་ཁང་བདེ་འཇགས་ལ་འགན་སྲུང་ཡོད་པ་མངོན་འགྱུར་བྱས། 2019ལོའི་ལོ་མཇུག་ཏུ་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་ཉེན་ཁང་དང་ཁང་རྙིང་བསྒྱུར་བཀོར་ལས་འགན་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱས།
གོ་རིམ་རྗེས་མར། རང་ཞིང་གིས་ད་དུང་མུ་མཐུད་དུ་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བསྒྱུར་བྱེད་པའི་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རོང་འབྲོག་མང་ཚོགས་ཀྱི་བདེ་སྡོད་དགོས་མཁོ་དང་ཞིང་བའི་སྡོད་ཁང་འཛུགས་སྐྲུན་གྱི་གནས་ཚུལ་དངོས་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་། རྩོལ་ནུས་དེང་རབས་ཅན་དང་མ་རྩ་ཉུང་བ། གྲུབ་ཚུལ་བདེ་འཇགས་ཡིན་པ། ལྗང་མདོག་ཁོར་ཡུག་སྲུང་སྐྱོབ་ཀྱི་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་སྐོར་ཞིག་འཛུགས་སྐྲུན་བྱེད་པ་དང་། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་བསྒྱུར་བྱེད་པ། སྡེ་བའི་ཕྱི་རོལ་ཁོར་ཡུག་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བ། རོང་འབྲོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་རེད།
དེ་དང་མཉམ་དུ། རང་འབྲོག་མང་ཚོགས་ཀྱིས་རང་བདག་རང་མོས་སྒོས་ལས་གཞི་ལག་བསྟར་བྱེད་པར་སྣེ་ཁྲིད་བྱེད་པ་དང་། གཞི་རིམ་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། རྩ་འཛུགས་འགོ་ཁྲིད་དང་ལྟ་སྐུལ་མཛུབ་སྟོན། ཡོངས་ཁྱབ་གསལ་བོ་བཅས་བྱེད་རྒྱུ་ཡིན་པ་དང་། ལས་གཞིའི་དོ་དམ་ལ་ཤུགས་སྣོན་པ་དང་། རྩ་འཛུགས་ཀྱི་སྡོད་ཁང་གནས་བབ་ཞིབ་བཤེར་དཔྱད་འཇོག་སྤེལ་བ་བརྒྱུད་དེ། ལས་གཞི་ལག་བསྟར་སྡེ་བའི་བྱ་བ་སྤེལ་བའི་གནས་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་བྱེད་པ་དང་། ལས་གཞི་ཡར་ཞུ་དང་ཞིབ་དཔྱད་མཆན་འགོད། ཞིབ་དཔྱད་རྩིས་ལེན་བཟང་བོ་བྱེད་རྒྱུ་ཡིན་ལ། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བསྒྱུར་བཟོ་སྐྲུན་དང་མཐོ་སྒང་གི་མཛེས་པའི་གྲོང་གསེབ། མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་ལས་གཞི་བཅས་མཉམ་དུ་ལག་བསྟར་བྱས་ནས། མཐོ་སྒང་གི་མཛེས་པའི་གྲོང་གསེབ་དང་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་གྱི་ནང་དོན་རྒྱ་སྐྱེད་རྒྱུའི་རེ་བ་བཏོན་ཡོད།
རིན་ཆེན་མཚོས་བསྒྱུར།