སྤྱིར་རྒྱལ་སྤྱིའི་གསུམ་བརྒྱད་བུད་མེད་དུས་ཆེན་ནི་ལོ་རེའི་སྤྱི་ཟླ༣པའི་ཚེས༨ཉིན་དུ་གཏན་འཁེལ་བྱས་ཡོད་ནའང་།ན་ནིང་དོ་ཚིགས་ལོར་མི་འདོད་པའི་གློ་ཚད་རིམས་ནད་ཀྱི་དགག་རྐྱེན་ཚབས་ཆེན་དེའི་དབང་གིས་མི་ཚོགས་འདུ་འཛོམས་བྱེད་པའི་བྱ་འགུལ་མང་ཆེ་བ་ཞིག་མེད་པར་བཟོས་པ་དང་ཡང་ན་དུས་འགྱངས་བྱས་པས་ངེས་གཏན་གྱི་དུས་ཚོད་ནང་སྤེལ་ཐུབ་མེད་པ་རེད།དེ་བས་ཧུང་ཡོན་རྫོང་སྦྲ་ཆེན་གྲོང་རྡལ་གྱིས་ཀྱང་ཉིན་ཉི་ཤུ་ལྷག་གི་དུས་འགོར་བྱས་ཏེ་ཚེས༢༥ཉིན་ད་གཟོད་བྱ་འགུལ་གྱི་ལས་སྒོ་སྤེལ་བ་དང་།ལོ་སྔོན་མ་དག་དང་མ་འདྲ་བའི་ཆ་རྐྱེན་གང་ལེགས་བསྐྲུན་ཏེ།རུ་སྡེ་བུད་མེད་རྣམས་ལ་རེ་ཞིག་འཁོར་བའི་གནོན་ཤུགས་དང་བྲེལ་ཟིང་བསྐྱུར་ནས་ལུས་སེམས་གསོ་ཐུབ་ཅིང་རང་རང་གི་ཤེས་འཇོན་ངོམས་ཐུབ་པའི་བྱེད་སྒོ་ཐུན་མོང་མ་ཡིན་པ་ཞིག་སྤེལ།
རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ནི་བུད་མེད་རྣམས་ཀྱིས་དཔལ་འབྱོར་དང་ཆབ་སྲིད།སྤྱི་ཚོགས་སོགས་སུ་བྱས་རྗེས་ཆེན་པོ་བཞག་ཅིང་གྲུབ་འབྲས་མི་དམན་པ་བླངས་ནས་བཙུགས་པའི་དམིགས་བསལ་གྱི་དུས་ཆེན་ཞིག་ཡིན་པས།འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བུད་མེད་ཀྱི་ཁེ་དབང་དང་རྒྱལ་སྤྱིའི་ཞི་བདེའི་ཉིན་མོ་རུ་འབོད་པའི་མིང་གི་ཆོ་ལོ་བསྩལ་ཡོད།དེ་བཞིན་དུ་ས་གནས་ལུང་པ་གང་རུང་དང་མི་རིགས་གང་རུང་གིས་རང་རང་གི་ཆ་རྐྱེན་ལྟར།དུས་ཆེན་འདིར་གཙིགས་ཆེན་དང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ།ཧུང་ཡོན་རྫོང་སྦྲ་ཆེན་གྲོང་རྡལ་ཀྱང་དེ་ལས་མ་འདས་པར་གྲོང་རྡལ་ཏང་སྲིད་གཞུང་གི་འགོ་ཁྲིད་དང་འབྲེལ་ཡོད་འགན་ཁུར་བ།ལས་སྒྲུབ་མི་སྣ།རུ་སྡེ་བ་ཁ་སོ་སོའི་འགན་ཁུར་བ་རྣམས་ཀྱིས་རྩ་འཛུགས་སྣེ་ཁྲིད་བྱས་པ་དང་གྲོང་རྡལ་སྡེ་མི་ཡོངས་ཀྱིས་རྒྱབ་སྐྱོར་མཉམ་འབྲེལ་བྱས་ཏེ།ས་གནས་འབྲོག་ཁུལ་གྱི་ཁྱད་ཆོས་འབུར་དུ་བཏོད་ཅིང་།མི་རིགས་རང་གི་གོམས་སྲོལ་ལྷད་མ་འདྲེས་པ།བུད་མེད་ཀྱི་བདེ་སྡུག་མངོན་པར་མཚོན་པའི་བྱེད་སྒོ་ཕུན་སུམ་ཚོགས་པ་ཞིག་སྤེལ་པ་དང་།འདིར་རུ་ཁག་སོ་སོའི་ཚོགས་ཞུགས་ཀྱི་གོ་རིམ་དང་སྡེ་བའི་ནང་གི་ཁྱིམ་ཚང་ཡ་རབས་ཅན་དང་མནའ་མ་དཔེ་ལེགས་ཅན།སློབ་མ་ཤེས་འཇོན་ཅན།དགུང་ལོ་མཐོན་པོ་ཅན་སོགས་ལ་བྱ་དགའི་ལེགས་སྐྱེས་གནང་བའི་གོ་རིམ།ཕ་མེས་ཡང་མེས་ནས་དར་སྲོལ་ཆེན་བའི་བོད་པའི་རྒྱན་གོས་ཤོམ་འགྲོ
མི་རིགས་རང་གི་བློ་གྲོས་དང་རྣམ་དཔྱོད་རྩལ་དུ་སྤྲུགས་ཅིང་ཐོན་སྐྱེད་འཚོ་བ་མངོན་པར་མཚོན་པའི་འཁེལ་ཐག་འགྲན་སྡུར།དམངས་ཁྲོད་ལ་ཆེས་དར་ཁྱབ་ཆེ་ཤིང་རིགས་ཀྱི་རུས་རྐང་ལ་སིམ་པའི་དམངས་ཁྲོད་རྩེད་མོ་ཐག་འཐེན་འགྲན་སྡུར།ཁ་བ་རི་བོའི་གདོང་དམར་བ་ཞིག་གི་གཤིས་རྒྱུད་འབུར་དུ་བཏོད་པའི་གནའ་མི་བོད་ཀྱི་རྩེད་སྲོལ་ས་སྒྱེ་འགྱོག་པའི་འགྲན་སྡུར།ས་གནས་ལུང་པའི་སྤྱི་ཚོགས་འཚོ་བ་ངག་གི་འགྱུར་ཁུགས་དང་ལུས་ཀྱི་སྟངས་སྟབས་ལ་བསྒྱུར་བའི་རྨེ་བྲོ་པའི་དགའ་ཚལ་སོགས་འཁྲབ་སྟོན་སྣ་ཚོགས་ཀྱིས་ལྟད་མོ་རྣམས་ཀྱི་ཡིད་དབང་ཅིག་ཅར་འཕྲོག་པ་དང་།བུད་མེད་ཀྱི་དུས་ཆེན་འདི་ཏག་ཏག་བུད་མེད་ཚོ་ཁོ་ན་ལ་དབང་བའི་དགྱེས་སྟོན་གྱ་ནོམ་ཞིག་གིས་གསུམ་བརྒྱད་དུས་ཆེན་ལ་རྟེན་འབྲེལ་ཞུས།
ཐེངས་འདིའི་སྦྲ་ཆེན་གྲོང་རྡལ་གྱི་དུས་ཆེན་ཉིན་ཉི་ཤུ་ལྷག་གིས་འཕྱི་འགྱངས་བྱས་ཡོད་ནའང་།གྲོང་རྡལ་ཏང་ཨུ་སྲིད་གཞུང་གིས་ཆེད་དུ་གྲ་སྒྲིག་གང་ལེགས་བྱས་ཏེ།རྒྱ་ཆེའི་བུད་མེད་ཡོངས་ལ་རང་ཁྱིམ་ཚང་གི་ཁྱིམ་ལས་ཙག་ཙིག་ཁྲོད་ཀྱི་འཚོ་བ་ཁོ་ན་མ་ཡིན་པར།དུས་རབས་གསར་བ་དང་སྤྱི་ཚོགས་གསར་བའི་འཕེལ་རྒྱས་དང་བསྟུན་ཏེ།ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་ཀྱི་སློབ་གསོ་གོང་སྤེལ།སྤྱི་ཚོགས་ཀྱི་ཁོར་ཡུག་ཇེ་ལེགས།མི་སྒེར་གྱི་བསམ་པའི་བྱང་ཚད་དང་ཕྱོགས་བསྡུས་སྤུས་ཚད་བཅས་མཐོར་འདེགས་སུ་བཏང་སྟེ།དུས་རབས་གསར་བའི་དཔལ་ཡོན་ཅན་གྱི་བུད་མེད་དུ་འགྱུར་ཐུབ་པར་སྐུལ་སློང་གི་ནུས་ཤུགས་ཆེ་རུ་བཏོན་པ་ཞིག་ཡིན་དང་།འཁྲབ་སྟོན་པ་ལས་གཞན་རྫོང་ཡོངས་ཀྱི་ཡུལ་གྲོང་སོ་སོའི་འགོ་ཁྲིད་རྣམས་དངོས་སུ་བྱ་འགུལ་ལ་ཞུགས་ནས་རྒྱབ་སྐྱོར་གཞོགས་འདེགས་གནང་ཡོད་པ་དང་རུ་སྡེ་གཡས་གཡོན་གྱི་འབྲོག་པ་མང་ཚོགས་སུམ་སྟོང་ལྷག་འཛོམས་ནས་གསུམ་བརྒྱད་བུད་མེད་དུས་ཆེན་གྱི་བྱེད་སྒོར་འདིར་གཟིགས་མོལ་གནང་ཡོད་པར་མ་ཟད།ཡུལ་དངོས་དྲ་ལམ་ཐད་གཏོང་གི་ཀློག་གྲངས་ཚད་ཁྲི༣༠ལྷག་ཟིན་འདུག
གསར་འགོད་པ།ཧུང་ཡོན་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བོད་སྐད་ཚན་ཁག