ཞིང་ཆེན་ཡོངས་ཀྱི་དཔྱིད་འདེབས་ཐོན་སྐྱེད་བྱ་བ་བདེ་བླག་ངང་སྤེལ།
2021.04.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

གསར་འགོད་པས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་དཔྱིད་འདེབས་ཐོན་སྐྱེད་སྔ་ལོ་དང་བསྡུར་ན་ཉིན་བདུན་ཡས་མས་ཀྱིས་སྔོན་དུ་བསྣུར་བ་དང་། ཟླ་བཞི་པའི་ཚེས་ལྔ་ཉིན་བར་དུ་ཆུ་མ་ས་ཁུལ་དུ་མཇུག་བསྡུ་ལ་ཉེ་བ་དང་། བར་སར་ཁྱོན་ཡོངས་ནས་དཔྱིད་འདེབས་བྱེད་འགོ་བརྩམས་ནས། ཞིང་ཆེན་ཡོངས་ཀྱི་དཔྱིད་ཀའི་རྨོ་འདེབས་ཐོན་སྐྱེད་བདེ་བླག་ངང་སྤེལ།

ཉེ་ལམ། རིམ་པ་སོ་སོའི་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་བརྙན་རིས་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་པ་དང་། སྔོན་དུ་ཆེད་སྤྱོད་མ་དངུལ་བཏང་ནས་མཚོ་སྔོན་ཞིང་ཆེན་གྱི2021ལོའི་འབྲུ་རིགས་ཐོན་སྐྱེད་གཏན་འཇགས་སུ་གཏོང་བའི་ལག་བསྟར་ཇུས་གཞི་ལག་བསྟར་བྱས་ལ། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་བྱ་བའི་ཚན་ཆུང་ལྔ་རྩ་འཛུགས་བྱས་ནས་ས་ཆ་སོར་མངག་སྟེ་དམ་འཛིན་དྲུག་གི་ཉིན་བརྒྱའི་མཁྲེགས་གཏོར་མཛུབ་སྟོན་ཞབས་ཞུ་བྱ་འགུལ་སྤེལ་བ་དང་། གཞི་རིམ་དུ་སོང་ནས་ཞིང་ཕན་སྲིད་ཇུས་སྒྲོག་འགྲེལ་དང་ལག་རྩལ་མཛུབ་ཁྲིད་ཞབས་ཞུ། ཞིང་ལས་འཕྲུལ་ཆས་ཞིབ་དཔྱད་ཞིག་གསོ་སོགས་སྤེལ་ལ། ལུད་རྫས་དང་ཞིང་སྨན། ས་བོན་སོགས་དཔྱིད་ཀའི་རྨོ་འདེབས་དངོས་ཟོག་བཀོད་སྒྲིག་བྱས་པ་དང་། ལུད་རྫས་ཞིང་སྨན་སྤྱོད་ཚད་ཇེ་ཉུང་དུ་གཏོང་བ་དང་ཕན་འབྲས་མཐོར་འདེགས་གཏོང་བའི་འགུལ་སྐྱོད་སྤེལ་ལ། ཆུ་ཤོག་སྲབ་པོ་འགེབས་པ་སོགས་ཀྱི་ལག་རྩལ་གཙོ་བོ་ཁྱབ་གདལ་དུ་བཏང་བ་དང་། རྨོ་ཞིང་དུ་འབྲུ་རིགས་མི་འདེབས་པར་བཀག་འགོག་བྱེད་པ་དང་བེད་མེད་དུ་བཞག་པའི་ས་ཞིང་བཀོལ་སྤྱོད་བཟང་བོ་བྱེད་པ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབས་ནས། སྟོབས་ཤུགས་ཡོད་རྒུས་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་བྱ་བ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་སུ་རིགས་མི་འདྲ་བའི་ལོ་ཏོག་མུའུ་ས་ཡ་གཉིས་དང་འབུམ་གཉིས་ཁྲི་གཅིག་སྟོང་གཅིག་བཏབ་པ་དང་། འབྲུ་རིགས་མུའུ་ས་ཡ་གཅིག་དང་འབུམ་གསུམ་ཁྲི་བཞི་སྟོང་ལྔ་བཏབ། བཏབ་ཟིན་པའི་ཞིང་སའི་རྒྱ་ཁྱོན་གྱིས་ལོ་ཏོག་གི་སྤྱིའི་འདེབས་འཛུགས་རྒྱ་ཁྱོན་གྱི་བརྒྱ་ཆའི་ཉེར་དྲུག་ཡན་ཟིན།

རིམ་པ་སོ་སོའི་ས་བོན་དོ་དམ་སྡེ་ཁག་གིས་སོན་བཟང་བསྡུ་ཉར་བྱ་བ་བཟང་བོ་བསྒྲུབས་ནས། བསྡོམས་པས་རིགས་མི་འདྲ་བའི་ལོ་ཏོག་གི་ས་བོན་སྤྱི་རྒྱ་བྱེ་བ་གསུམ་དང་ས་ཡ་བཞི་འབུམ་བདུན་སྟོང་གཉིས་ཉར་གསོག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ལོ་ཏོག་གི་ས་བོན་མཁོ་འདོན་བྱེད་ཚད་བརྒྱ་ཆའི་བཅུ་བཞི་ལྷག་ལ་སླེབས། མིག་སྔར། ཞིང་ཆེན་ཡོངས་ཀྱིས་ས་བོན་སྤྱི་རྒྱ་ས་ཡ་དགུ་དང་འབུམ་གཅིག་ཁྲི་གཉིས་སྟོང་ལྔ་མཁོ་འདོན་བྱས་པ་དང་། ས་བོན་གྱི་རིན་གོང་གཏན་འཇགས་ཡིན་ལ། ད་ལོའི་དཔྱིད་ཀའི་ཐོན་སྐྱེད་ཀྱི་དགོས་མཁོ་སྐོང་ཐུབ།

དེ་ལས་གཞན། ཉུང་འཁྲི་གཉིས་ཀྱི་འགུལ་སྐྱོད་དང་ལུས་རྫས་སྤྱོད་པ་སོགས་ཞིང་ལས་ཐོན་སྐྱེད་ལག་རྩལ་ལ་དམིགས་ནས། རིགས་གསར་བའི་ཞིང་ལས་བདག་གཉེར་གཙོ་གཞིའི་སྣེ་ཁྲིད་པ་དང་ཕྱིར་ཕ་ཡུལ་དུ་ལོག་པའི་གསར་གཏོད་ལས་སྐྲུན་པ། ཆེད་ལས་གསོ་སྤེལ་མི་སྣ། ཞིང་ཕྱུགས་ལས་ཐོན་ལས་གནད་ཕིགས་དབུལ་སྐྱོར་གསོ་སྦྱོང་སོགས་བསྡུས་པ་དང་། གསོ་སྦྱོང་སྐབས་ཉིས་བརྒྱ་དང་དྲུག་ཆུ་བསྡུས་ཏེ། བསྡོམས་པས་མི་ཁྲི་གཅིག་དང་སྟོང་གསུམ་སུམ་བརྒྱ་ལ་གསོ་སྦྱོང་བྱས། ད་ལོར་ལག་བསྟར་བྱས་པའི་མུའུ་འབུམ་གསུམ་གྱི་ཚད་མཐོ་ཞིང་ས་འཛུགས་སྐྲུན་གྱི་ལས་འགན་ཐད་ནས་ཀྱང་བསྟུད་མར་སྔོན་དུས་ཀྱི་ལྟ་ཞིབ་འཆར་འགོད་དང་ཞིབ་བཤེར་བྱ་བ་སྤེལ།

རིན་ཆེན་མཚོས་བསྒྱུར།