ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་དུས་རབས་གསར་བའི་ལས་བྱེད་པའི་ཏང་འཛུགས་བྱ་བ་བཟང་བོར་སྒྲུབ་པའི་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་བ་དང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ཏང་ཡོན་རྩ་འཛུགས་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ནན་མོར་སྤེལ་ཆེད། ཉེ་ལམ། ཞིང་ཆེན་ཏང་ཨུའི་ལས་བྱེད་པ་རྒན་པ་ཅུའུ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཏང་གི་སློབ་གྲྭ་ནས་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་དང་ཏང་ཀྲི་པུའུ་ཧྲུའུ་ཅིའི་གསོ་སྦྱོང་འཛིན་གྲྭ་སྐབས་ཉེར་གཉིས་པ་བསྒྲུབས། ཞིང་ཆེན་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་དང་ཏང་ཀྲི་པུའུ་ཧྲུའུ་ཅིའི་འཐུས་ཚབ་པ་དང་ལས་བྱེད་པ་རྒན་པའི་བྱ་བའི་སྡེ་ཁག་གི་འགན་ཁུར་མི་སྣ་བཅས་བསྡོམས་པས་མི་བརྒྱད་ཅུ་ལྷག་གསོ་སྦྱོང་ལ་ཞུགས།
ཐེངས་འདིའི་གསོ་སྦྱོང་གི་དམིགས་འབེན་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་དང་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་སྣེ་ཁྲིད་བྱེད་པ། ལས་བྱེད་པ་རྒན་པའི་ཏང་ཡོན་གྱིས་ཏང་གི་ལོ་རྒྱུས་ལ་ཆ་རྒྱུས་ཡོད་པའི་ཁྱད་འཕགས་དགེ་མཚན་འདོན་སྤེལ་བྱེད་པ། མིག་མཐོང་ལག་ཟིན་གྱི་བརྒྱུད་རིམ་ལ་བརྟེན་ནས་ཀྲུང་གོའི་གཏམ་རྒྱུད་བཤད་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་བཤད་པ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཏམ་རྒྱུད་བཤད་པ། མཚོ་སྔོན་གྱི་གཏམ་རྒྱུད་བཤད་པ། རྒྱ་ཆེའི་ཏང་ཡོན་དང་ན་གཞོན་ལོ་ཆུང་གིས་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པར་སྐུལ་སློང་བཏང་སྟེ། ཧུར་ཐག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་གྲུབ་འབྲས་གསར་བ་མངོན་པར་བྱེད་པ་དང་བྱས་རྗེས་གསར་བ་འཇོག་རྒྱུ་དེ་ཡིན། གསོ་སྦྱོང་འཛིན་གྲྭ་སྒྲུབ་པའི་སྐབས་སུ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་ཀྲུའུ་ཧོང་ཚེ་ཡིས་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཀྱི་ཕྱིར་དྲན་ཞེས་པའི་ཆེད་དོན་ཟུར་ཁྲིད་བྱས་པ་དང་། ལོ་རྒྱུས་ཀྱི་དོན་དངོས་དང་ལོ་རྒྱུས་ཀྱི་གནས་ཚུལ་ཞིབ་ཕྲ་མང་པོ་བརྒྱུད་དེ་ཀྲུང་གོ་གུང་ཁྲན་ཏང་བཙུགས་པའི་རྒྱབ་ལྗོངས་དང་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་ལ་དབྱེ་ཞིབ་ཟབ་མོ་བྱས་པ་དང་། ཏང་གི་སྔ་དུས་ཀྱི་རྩ་འཛུགས་དང་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ། ཏང་དང་གུང་ཁྲན་རྒྱལ་སྤྱིའི་འབྲེལ་བ། ཏང་བཙུགས་རྗེས་ཀྱི་ལོ་བརྒྱུའི་འགྱུར་ལྡོག་སོགས་ཕྱོགས་ཀྱི་ནང་དོན་མཉམ་སྤྱོད་བྱས།
བློ་མཐུན་རྒན་པ་ཚོས་མཐའ་གཅིག་ཏུ། ཏང་གི་གོང་འོག་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐབས་སུ། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་ནི་དུས་དང་ཧ་ཅང་འཚམ་པས། ཏང་ཡོན་གྱི་ཐོབ་ཐང་ཡིད་ལ་དམ་པོར་འཛིན་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབོད་སྐུལ་དང་ལེན་བྱེད་པ། བསམ་བློ་དང་འགུལ་སྐྱོད་གཉིས་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས་ཟེར། བློ་མཐུན་རྒན་པ་ཚོས་མུ་མཐུད་དུ་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཟུང་ནས། མུ་མཐུད་དུ་འབད་འཐབ་བྱེད་པའི་རྣམ་འགྱུར་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་ཏང་གི་ལོ་རྒྱུས་བཤད་པ། ཏང་གི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་པ། ཏང་གི་ལོ་རྒྱུས་བཀོལ་སྤྱོད་བྱེད་པའི་ཕྱོགས་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ། བློ་མཐུན་རྒན་པ་དག་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དཔེ་སྟོན་པ་དང་དྲིལ་སྒྲོག་པ། ལག་བསྟར་པ་བྱེད་པར་སྣེ་ཁྲིད་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་མཚོ་སྔོན་གྱི་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
རིན་ཆེན་མཚོས་བསྒྱུར།