རང་ཞིང་གི་ནགས་སྲུང་བ་ཞིག་ལ་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་སྐྱེ་ཁམས་ནགས་སྲུང་བའི་མཚན་སྙན་ཐོབ།
2021.04.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 61

གསར་འགོད་པས་ཞིང་ཆེན་ནགས་རྩྭ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རྒྱལ་ཁབ་ནགས་རྩྭ་ཅུའུ། ནོར་སྲིད་པུའུ་དང་རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བའི་ཆེས་མཛེས་པའི་སྐྱེ་ཁམས་ནགས་སྲུང་བ་འཚོལ་བའི་དྲིལ་སྒྲོག་བྱ་འགུལ་ཁྲོད། རང་ཞིང་གི་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་སུམ་མདོ་ནགས་རའི་ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་སྐྱེ་ཁམས་ནགས་སྲུང་བ་ཅཱ་ཉི་མར་ཆེས་མཛེས་པའི་སྐྱེ་ཁམས་ནགས་སྲུང་བའི་མཚན་སྙན་ཐོབ།

2015ལོར། ཅཱ་ཉི་མ་དེ་སུམ་མདོ་ཞང་གི་ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་ཁྲོད་བཞག་པ་དང་། 2016ལོར་ཧུའུ་ཀྲུའུ་རྫོང་སུམ་མདོ་ནགས་རའི་སྐྱེ་ཁམས་དོ་སྲུང་བ་བདམས། ལོ་ངོ་མང་པོའི་རིང་ལ། ཁོས་ལས་གཅེས་ལས་བརྩི་དང་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་ལ་བརྟེན་ནས། སུམ་མདོ་ཞང་གི་རི་ཆུ་ནགས་གསུམ་མང་པོ་བརྒལ་ནས་རང་ནུས་ཅི་ལྕོགས་ཀྱིས་ས་དེའི་ནགས་ཚལ་ལ་སྲུང་སྐྱོབ་ནན་མོ་བྱས་པས། ཁོས་སྐོར་སྲུང་དོ་དམ་བྱེད་བཞིན་པའི་ཁུལ་ཁོངས་ནང་མེ་སྐྱོན་དང་ཁྲིམས་འགལ་སྡོང་གཅོད་སོགས་ཀྱི་སྣང་ཚུལ་གཅིག་ཀྱང་བྱུང་མ་མྱོང་བ་དང་། ཐེངས་མང་པོར་ནགས་རའི་འགན་སྒྲུབ་ཞིབ་དཔྱད་ཁྲོད་ཕུལ་བྱུང་ནགས་སྲུང་བར་བདམས་ནས། ནགས་ཁུལ་གྱི་ནགས་ཚལ་ཐོན་ཁུངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། དབུལ་ཐར་མཁྲེགས་གཏོར་སྤེལ་བའི་ཚུན་དུ། རང་ཞིང་གིས་ངལ་རྩོལ་ནུས་པ་ལྡན་པའི་ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་དབུལ་ཕོངས་མི་གྲངས་ཁྲོད་ནས་མི་ཁྲི་ལྔ་ཙམ་སྐྱེ་ཁམས་དོ་སྲུང་བར་བདམས་ཏེ། ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་བསྒྲུབས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་ཐར་དང་ཡོང་སྒོ་འཕར་སྣོན་ཐད་ཀྱི་རྒྱལ་ཁ་བརྩོན་ལེན་བྱས།

རིན་ཆེན་མཚོས་བསྒྱུར།