ཞིང་ཆེན་ཡོངས་ཀྱི་གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེད་དོན་བགྲོ་གླེང་འཛིན་གྲྭ་འཚོགས་མགོ་བརྩམས།
2021.04.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 69

ཟླ་བཞི་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་དང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་འགན་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེད་དོན་བགྲོ་གླེང་འཛིན་གྲྭ་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭ་ནས་འཚོགས་མགོ་བརྩམས།

གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་འགན་ཁུར་མི་སྣ། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་འབྲེལ་ཡོད་ཁེ་ལས་གཙོ་བོའི་འགན་ཁུར་མི་སྣ་ཞེ་གཉིས་ལྷག་ཟབ་སྦྱོང་ལ་ཞུགས་པ་དང་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭ་རུ་ཉིན་གསུམ་གྱི་ཟབ་སྦྱོང་བྱས་རྗེས་ཧྭ་ཝེ་སློབ་ཆེན་དུ་ཉིན་བཅུ་བཞིའི་ཟབ་སྦྱོང་ལ་ཞུགས་རྒྱུ་རེད།

ཐེངས་འདིའི་བགྲོ་གླེང་འཛིན་གྲྭས་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་གཏོང་བ་དང་།  སློབ་མའི་ཀུན་སྤྱོད་དང་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་དམིགས་འབེན་དུ་བཟུང་སྟེ་ཞིང་ཆེན་ཕྱི་ནང་གི་ཟབ་སྦྱོང་བྱེད་ཐབས་དང་། གཅིག་བསྡུས་སློབ་སྦྱོང་དང་རང་སྦྱོང་བྱེད་ཐབས་ཟུང་འབྲེལ་བྱེད་པ། ཕྱོགས་བསྡུས་བཀོལ་སྤྱོད་ཀྱི་སློབ་ཁྲིད་བྱེད་ཐབས་དང་ཡུལ་དངོས་སློབ་ཁྲིད། སྒྲིག་གཞི་རང་བཞིན་གྱི་བགྲོ་གླེང་སོགས་ཀྱི་བྱེད་ཐབས་སྤྱད།

ཚང་མས་བསྟན་དོན། ཐེངས་འདིའི་ཟབ་སྦྱོང་བརྒྱུད་དེ་སྔར་ལས་ལྷག་པའི་སྒོ་ནས་གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་དང་འཕེལ་ཕྱོགས་ལ་ངོས་ཟིན་དང་། གྲངས་ཀའི་ལག་རྩལ་ཀྱི་འཕེལ་ཕྱོགས་དང་མཉམ་བསྲེས་བཀོལ་སྤྱོད་ལ་གཏིང་ཟབ་པའི་སྒོ་ནས་གོ་བ་བླངས་ཤིང་། གྲངས་ཀའི་དཔལ་འབྱོར་ལ་བརྟེན་ནས་གཞུང་ལུགས་གསར་གཏོད་དང་བྱ་བའི་ནུས་པ་མཐོར་འདེགས་སུ་བཏང་སྟེ་རང་ཞིང་གི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྟོབས་ཤུགས་འབུལ་རྒྱུ་ཟེར།

                                                                                                                        རིག་འཛིན་ཐར་གྱིས་བསྒྱུར།