འཇུ་ལག་ཏུ་མ་དངུལ་སྒོར་དུང་ཕྱུར2.5བཏང་ནས་སློབ་འབྲིང་ཞིག་འཛུགས་སྐྲུན་བྱ་རྒྱུ་རེད།
2021.04.25 ཁུངས། གངས་ལྗོངས་འཕྲིན་གསར། ཀློག་གྲངས། 91

ལམ་ལུགས་གསར་བའི་མཐོ་རྒྱུགས་བཅོས་སྒྱུར་ལས་དོན་གྱི་དགོས་མཁོ་དང་མཐོ་རིམ་སློབ་འབྲིང་གི་སློབ་མའི་མི་གྲངས་ཚད་ལས་བརྒལ་བ། འཛིན་གྲྭའི་མི་གྲངས་ཚད་ལས་བརྒལ་བ་བཅས་ཀྱི་སྣང་ཚུལ་མེད་པར་བཟོས་ནས་སློབ་གསོ་དྲང་གཞག་ཡོང་རྒྱུར་སྐུལ་འདེད་གཏང་ཆེད། ཉེ་ཆར། མཚོ་བྱང་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས《འཇུ་ལག་རྫོང་ཧྲན་ཏུང་དང་མཚོ་སྔོན་གྱི་མཐོ་རིམ་སློབ་འབྲིང་འཛུགས་སྐྲུན་རྣམ་གྲངས་ཀྱི་ཆོག་འཐུས་རང་བཞིན་གྱི་ཞིབ་འཇུག་སྙན་ཞུ》ལ་མཆན་འགོད་གནང་ཡོད་ལ། འཇུ་ལག་ས་ཁུལ་དུ་མཐོ་རིམ་སློབ་འབྲིང་ཞིག་གསར་དུ་འཛུགས་སྐྲུན་བྱ་རྒྱུ་རེད།

མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་གཉིས་པར་སློབ་མ4000ལྷག་ཙམ་ཡོད་ལ། སློབ་མ་མང་བ་དང་འཛིན་གྲྭའི་མི་གྲངས་ཚད་ལས་བརྒལ་བས་དོ་དམ་བྱེད་དཀའ་བ་སོགས་ཀྱི་གནད་དོན་ཉིན་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད་པས། ད་ཡོད་ཀྱི་སློབ་གསོ་སློབ་ཁྲིད་ཐོན་ཁུངས་ཀྱིས་ས་ཁུལ་དེ་གའི་ལམ་ལུགས་གསར་བའི་མཐོ་རྒྱུགས་སློབ་གསོའི་འབྲེལ་ཡོད་དགོས་མཁོ་སྐོང་ཐབས་བྲལ་བ་རེད། དེར་བརྟེན། སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་སུ་བཏང་ནས་རྫོང་དེ་གའི་སློབ་མའི་སློབ་ཞུགས་དགོས་མཁོ་སྐོང་བ་དང་འཛིན་གྲྭའི་སློབ་མའི་མི་གྲངས་ཚད་ལས་བརྒལ་བའི་སྣང་ཚུལ་ཐག་གཅོད་ནུས་ལྡན་བྱེད་པ། མཚོ་བྱང་སློབ་འབྲིང་གཉིས་པའི་སློབ་ཞུགས་གནོན་ཤུགས་ཆུང་དུ་གཏོང་བ་བཅས་བྱ་ཆེད། བཀོད་སྒྲིག་ལུགས་མཐུན་དང་དོ་སྙོམས་ངང་འཕེལ་རྒྱས་གཏོང་བའི་རྩ་དོན་གཞིར་བཟུང་སྟེ་འཇུ་ལག་རྫོང་ཧྲན་ཏུང་དང་མཚོ་སྔོན་གྱི་མཐོ་རིམ་སློབ་འབྲིང་འཛུགས་སྐྲུན་བྱ་རྒྱུ་རེད།

གསར་དུ་འཛུགས་སྐྲུན་བྱེད་གྲབས་ཡོད་པའི་འཇུ་ལག་རྫོང་ཧྲན་ཏུང་དང་མཚོ་སྔོན་གྱི་མཐོ་རིམ་སློབ་འབྲིང་ནི་འཇུ་ལག་གྲོང་རྡལ་དབྱིན་ཚའེ་ལམ་གྱི་ལྷོ་ངོས་དང་མི་རིགས་ལུས་རྩལ་ཐང་གི་ནུབ་ངོས་སུ་ཡོད་ལ། སློབ་ཁྲིད་ཐོག་ཁང་དང་ཚོད་ལྟའི་ཐོག་ཁང་། ཕྱོགས་བསྡུས་ཐོག་ཁང་། ཉལ་ཁང་། དཔེ་མཛོད་ཁང་། ཟ་ཁང་། ལུས་རྩལ་བྱེད་སྒོ་སྤེལ་ཡུལ་བཅས་དང་དེ་བཞིན་སྤྱིའི་དཔེ་རིས་ལས་གྲྭ་དང་སྒྲིག་ཆས་སྒྲིག་བཀོད་ཉོ་སྒྲུབ་སོགས་གསར་དུ་བསྐྲུན་པའི་རྣམ་གྲངས་ཀྱི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ49380㎡ཟིན་ཡོད་ལ། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི25195.95བཏང་བ་དང་། གོང་རིམ་གྱི་ཆེད་དོན་མ་དངུལ་དང་ཧྲན་ཏུང་ཞིང་ཆེན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་བཏང་ནས་ཐག་གཅོད་བྱས་པ་བརྒྱུད། 2021ལོ་ནས2022ལོའི་བར་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། སློབ་གྲྭ་འཛུགས་སྐྲུན་བྱས་ཚར་རྗེས་མཐོ་རིམ་སློབ་འབྲིང་སློབ་མ2000ལྷག་ཙམ་གྱི་སློབ་ཁྲིད་དང་ཞག་སྡོད་སོགས་ཀྱི་དགོས་མཁོ་སྐོང་ཐུབ་པ་རེད།

འཇུ་ལག་རྫོང་ཧྲན་ཏུང་དང་མཚོ་སྔོན་གྱི་མཐོ་རིམ་སློབ་འབྲིང་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ལག་བསྟར་བྱས་པ་དེས། ས་ཁོངས་ཀྱི་སློབ་གསོའི་ཧེ་བག་ཆུང་དུ་གཏོང་བ་དང་འཇུ་ལག་རྫོང་གི་སློབ་གསོའི་སྟོབས་ཤུགས་དངོས་ཆེ་རུ་འགྲོ་རྒྱུར་སྐུལ་མ་ཐེབས་ནས་རྫོང་ཡོངས་ཀྱི་སྤུས་ལེགས་སློབ་གསོ་དོ་སྙོམས་དང་མཐུན་སྦྱོར། བདེ་ཐང་། ཚད་བརྒལ་རང་བཞིན་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་རེད།