ལྔ་གཅིག་ངལ་གསོའི་སྐབས་སུ་འཛད་སྤྱོད་རྣམ་པ་མངོན་སུམ་ཇེ་མཐོར་ཕྱིན།
2021.05.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ད་ལོའི་ལྔ་གཅིག་ངལ་གསོའི་དུས་སྐབས་སུ། ས་གནས་སོ་སོས་དྲ་ལམ་དང་དྲ་ལམ་མ་ཡིན་པའི་ལམ་ནས་འཛད་སྤྱོད་པར་སྤུས་དག་དང་གསར་རྐྱང་གི་དངོས་པོ་འདོན་སྤྲོད་བྱེད་གང་ཐུབ་བྱས་པར་བརྟེན།  ཁྲོམ་རའི་འཛད་སྤྱོད་རྣམ་པ་མངོན་སུམ་ཇེ་ལེགས་སུ་སོང་།

ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་ཡོངས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཟླ་ངོའི་བྱེད་སྒོ་སྤེལ་ནས་དུས་ཚོད་ཉེར་བཞིའི་རིང་རྗེས་སུ། ཧྲང་ཧེ་ཡི་ལྔ་ལྔ་ཉོ་ཚོང་དུས་ཆེན་གཅིག་པུས་ཀྱང་འཛད་སྤྱོད་མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བདུན་དུང་ཕྱུར་གསུམ་ལ་བསྐྲུན་ཡོད་ཅིང་། དེ་ནི་དུས་རིམ་སྔོན་མ་ལས་བརྒྱ་ཆའི་བཅུ་གཅིག་གིས་ཇེ་མང་དུ་འཕར།

འཛད་སྤྱོད་པར་གསར་རྐྱང་དང་སྤྲོ་སྣང་ཆེ་བའི་མྱོང་ཚོར་ངོ་མ་ཞིག་སྟེར་ཆེད། ཚོང་བདག་རྣམས་ཀྱིས་དེའི་ཐད་སེམས་ཤུགས་མི་ཉུང་བ་ཞིག་བཏོན་ཡོད། སྒྱུ་རྩལ་འགྲེམ་སྟོན་དང་རྣམ་པ་ཆུང་གྲས་ཀྱི་རིག་རྩལ་འཁྲབ་སྟོན། རྣམ་པ་འདྲ་མིན་གྱི་ཁྲོམ་ལམ་འཁྲབ་སྟོན་སོགས་བྱས།

རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་གཞི་གྲངས་ཆེན་མོའི་ལྟ་ཞིབ་ཚད་ལེན་ལྟར་ན། ལྔ་གཅིག་ངལ་གསོའི་ཉིན་སྔོན་མ་གཉིས་ཀྱི་རིང་ལ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་གྲས་ཀྱི་ཁྲོམ་ར་སོ་སོའི་མི་ཚོགས་འགྲོ་འོང་གི་ཚད་མངོན་སུམ་ཇེ་མང་དུ་སོང་ཡོད་ཅིང་། ཁྱད་པར་དུ་ཁྲང་ཧྲ་དང་ཧྲིན་ཀྲིན། ནན་ཅིན། ཐེན་ཅིན་སོགས་ས་གནས་ཀྱི་འཛད་སྤྱོད་པའི་ཁ་གྲངས་ཉིས་སྟོང་བཅུ་དགུ་ལོ་དང་མཉམ་པོ་བྱུང་།

རྒྱལ་ཁབ་སྦྲགས་སྲིད་ཅུའུ་ཡི་ལྟ་ཞིབ་ཚད་ལེན་གཞི་གྲངས་ལྟར་ན། ལྔ་གཅིག་ངལ་གསོའི་ཉིན་སྔོན་མ་གཉིས་ཀྱི་རིང་ལ། ཁྱོན་བསྡོམས་དྲ་ལམ་ནས་དངོས་པོ་དུང་ཕྱུར་བཞི་དང་བྱེ་བ་དགུ་ས་ཡ་བཞི་དབོར་འདྲེན་བྱས་ཡོད་ཅིང་དེ་དུས་ཡུན་སྔོན་མ་ལས་བརྒྱ་ཆའི་ཉེར་དྲུག་གིས་ཇེ་མང་དུ་སོང་། སྦྲགས་སྲིད་བརྒྱུད་ནས་ཅ་དངོས་དུང་ཕྱུར་ལྔ་ལ་ཉེ་བ་བསྐུར་ཡོད་ཅིང་དེ་ནི་དུས་སྐབས་སྔོན་མ་ལས་ལྡབ་གཉིས་འཕར།

བན་དེ་སྐྱབས་ཀྱིས་བསྒྱུར།