རང་ཞིང་གིས་ལས་ནད་འགོག་བཅོས་བཅའ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་གྱི་མུ་འབྲེལ་བྱ་འགུལ་སྤེལ།
2021.05.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

རྒྱལ་ཡོངས་ལས་ནད་འགོག་བཅོས་བཅའ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་ཐེངས་བཅུ་དགུ་པ་བསུ་བ་དང་། ལས་ནད་འགོག་བཅོས་ཤེས་བྱ་སྔར་ལས་ཁྱབ་གདལ་དུ་གཏོང་བ། མི་བཀོལ་སྡེ་ཁག་གི་འགན་འཁྲི་ལག་བསྟར་བྱེད་པ། ངལ་རྩོལ་བའི་ལས་རིགས་བདེ་ཐང་ཁེ་དབང་ལ་འགན་སྲུང་བཅས་བྱེད་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་གློག་རྡུལ་བརྙན་རིས་དང་སྐར་འཕྲིན། ཁེ་ལས་སུ་སོང་ནས་ཤེས་བྱའི་འཆད་ཁྲིད་བསྡུས་པ། ཡུལ་དངོས་ནས་དྲིལ་སྒྲོག་བློ་འདྲི་བྱེད་པ་སོགས་རྣམ་པ་མང་པོ་བརྒྱུད་དེ་བདེ་ཐང་ཀྲུང་གོ་མཉམ་འཛུགས་བྱེད་པ་དང་། ལས་རིགས་བདེ་ཐང་མཉམ་སྤྱོད་བྱེད་པ་བརྗོད་དོན་དུ་བྱས་པའི་ལས་ནད་འགོག་བཅོས་བཅའ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་གྱི་མུ་འབྲེལ་བྱ་འགུལ་སྤེལ།

ཟླ་བཞི་པའི་ཟླ་དཀྱིལ་ནས་བཟུང་། ཞིང་ཆེན་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཆེད་ལས་ལག་རྩལ་མི་སྣ་ཏ་ཐུང་དང་ཧོང་ཀྲུང་སོགས་ཀྱི་ཁེ་ལས་མང་པོ་རུ་མངག་སྟེ། སོ་སོར་མི་བཀོལ་སྡེ་ཁག་གི་འགན་ཁུར་མི་སྣ་དང་ལས་རིགས་འཕྲོད་བསྟེན་དོ་དམ་མི་སྣ་སོགས་མི་བརྒྱ་ལྷག་ལ་ལས་རིགས་བདེ་ཐང་གསོ་སྦྱོང་སྤེལ་བ་མ་ཟད། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ལ་རམ་འདེགས་བྱས་པ་དང་། ཁེ་ལས་མང་པོ་དང་མཉམ་འབྲེལ་བྱས་ནས་དྲིལ་སྒྲོག་གཟའ་འཁོར་གྱི་མཛད་སྒོ་བསྡུས་ལ། དྲིལ་སྒྲོག་སློབ་གསོ་དང་ལས་རིགས་བདེ་ཐང་ཞིབ་བཤེར་སོགས་བྱ་འགུལ་སྤེལ་ནས། ལས་ནད་འགོག་བཅོས་བཅའ་ཁྲིམས་སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། ཚད་གཞི། ཚད་ལྡན་དང་མི་བཀོལ་སྡེ་ཁག་གི་ལས་ནད་འགོག་བཅོས་བཅའ་ཁྲིམས་ཀྱི་འབྲེལ་ཡོད་ཤེས་བྱ་དྲིལ་སྒྲོག་རྒྱ་ཆེར་བྱས། དེ་དང་མཉམ་དུ། བྱ་འགུལ་ཡུལ་དངོས་སུ་ལས་རིགས་བདེ་ཐང་བློ་འདྲི་བྱེད་ས་བཙུགས་ཏེ། ཆེད་ལས་ལག་རྩལ་མི་སྣས་ངལ་རྩོལ་པར་བློ་འདྲི་ཞབས་ཞུ་འདོན་སྤྲོད་བྱས།

ཐེངས་འདིའི་མུ་འབྲེལ་བྱ་འགུལ་གྱིས་བསྡོམས་པས་ཆེད་དོན་འཆད་ཁྲིད་ཐེངས་བརྒྱད་སྤེལ་བ་དང་། མི་སྟོང་གཅིག་དང་ལྔ་བརྒྱ་བརྒྱད་ཅུ་ལྷག་ལ་གསོ་སྦྱོང་བྱས་ལ། དཔྱད་གཞི་ཡིག་ཆ་སུམ་བརྒྱ་ལྷག་བཀྲམས་པ་དང་། ཡུལ་དངོས་ནས་མི་སུམ་བརྒྱ་དང་ལྔ་བཅུ་ལྷག་གི་བློ་འདྲི་དང་ལེན་བྱས་ལ། རྒྱ་ཆེའི་ངལ་རྩོལ་པར་ལས་ནད་འགོག་བཅོས་བཅའ་ཁྲིམས་དང་ལས་རིགས་བདེ་ཐང་གི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་བྱས་པ་མ་ཟད། ད་དུང་མིག་སྔའི་མི་བཀོལ་སྡེ་ཁག་དང་ངལ་རྩོལ་པའི་ལས་རིགས་བདེ་ཐང་དགོས་མཁོ་ལ་རྒྱུས་ལོན་སྔར་ལས་གསལ་བོ་བྱས་ནས། རྗེས་ཕྱོགས་སུ་རང་ཞིང་གི་ལས་རིགས་བདེ་ཐང་བྱ་བར་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིངས།

རིན་ཆེན་མཚོས་བསྒྱུར།