ཀྲུང་གོའི་རྒྱལ་སྤྱིའི་འཛད་སྤྱོད་ཐོན་རྫས་འགྲེམ་ཚོགས་སྐབས་དང་པོ་ཟླ་ལྔ་བའི་ཚེས་བདུན་ཉིན་ནས་ཚེས་བཅུ་ཉིན་བར་ཧའེ་ནན་ཞིང་ཆེན་ཧའེ་ཁུག་གྲོང་ཁྱེར་དུ་བསྡུ་རྒྱུ་རེད། གསར་འགོད་པས་ཞིང་ཆེན་ཚོང་དོན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་ཁེ་ལས་བཅུ་དགུ་བདམས་ནས་འཛད་སྤྱོད་འགྲེམ་ཚོགས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་གྱི་ཕྱོགས་བསྡུས་སྣང་བརྙན་འགྲེམ་སྟོན་ལ་ཞུགས་རྒྱུ་ཡིན་པ་དང་། མཚོན་བྱེད་རང་བཞིན་ལྡན་པའི་ཁེ་ལས་དེ་དག་གི་ཁྱེར་ཡོང་བའི་ཁྱད་ལྡན་འགྲེམ་སྟོན་ཐོན་རྫས་ཁྲོད་འོ་བཟོས་ཐོན་རྫས་དང་མཐོ་སྒོང་གི་ཁྱད་ཆོས་ཞིང་ཕྱུགས་ཐོན་རྫས་དང་ལས་སྣོན་སྤུས་ལེགས་ཐོན་རྫས། སྐྱེ་ཁམས་བཏུང་ཆུ་སོགས་འདུ། དེ་ལས་གཞན་ཉོ་སྒྲུབ་ཁེ་ལས་གཙོ་བོ་བཅུ་འགྲེམ་ཚོགས་ལ་ཞུགས་ནས་ཚོང་གཏམ་ཉོ་སྒྲུབ་བྱེད་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། འཛད་སྤྱོད་འགྲེམ་ཚོགས་སྐབས་དང་པོའི་མཚོ་སྔོན་འགྲེམ་ཁུལ་གྱི་རྒྱ་ཁྱོན་རྨིད་གྲུ་བཞི་མ་བརྒྱ་དང་ལྔ་བཅུ་ཡོད་པ་དང་། མཐོ་བ་དང་གསར་བ། སྤུས་ལེགས། ཁྱད་ཆོས་ཀྱི་འཛད་སྤྱོད་སྤུས་ཚད་ཐོན་རྫས་ལ་དམིགས་ནས། བདམས་ཐོན་བྱས་པའི་ཁྱད་ལྡན་ཚོང་རྟགས་མིང་གྲགས་ཅན་གྱི་ཐོན་རྫས་ཁྲོད་འཕང་འབྲས་དང་ནས་ཆང་། ཞོ། གཡིས། དབྱར་རྩྭ་དགུན་འབུ། མཚོ་སྔོན་གྱི་གཙག་དྲུབ་སོགས་འདུ། འགྲེམ་ཁུལ་གྱིས་ཐོན་རྫས་འགྲེམ་སྟོན་དང་བརྙན་རིས་དྲིལ་སྒྲོག་སོགས་རྣམ་པ་བརྒྱུད་དེ་རང་ཞིང་གི་ཁྱད་ལྡན་ཁེ་ལས་དང་མིང་ལྡན་སྤུས་ལེགས་དང་། ཁྱད་ལྡན། རིགས་གསར་གྱི་ཐོན་རྫས་དྲིལ་སྒྲོག་ངོ་སྤྲོད་བྱེད་པ་དང་། འགྲེམ་ཞུགས་ཚོང་བའི་ཉོ་ཚོང་ཚོང་གཏམ་བཟང་བོ་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་འགྲེམ་ཞུགས་ཚོང་བའི་ཉོ་ཚོང་མཉལ་ལས་སྔར་ལས་རྒྱ་སྐྱེད་པ་དང་། ཁེ་ལས་ཐོན་རྫས་ཀྱི་མཚན་མིང་ཇེ་ཆེར་གཏོང་རྒྱུ་རེད།
འཛད་སྤྱོད་འགྲེམ་ཚོགས་སྐབས་དང་པོ་དེ་རྒྱལ་ཁབ་ཚོང་དོན་པུའུ་དང་ཧའེ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པ་དང་། དེའི་དམིགས་འབེན་ནི་རྒྱལ་སྤྱིའི་འཛད་སྤྱོད་ཐོན་རྫས་ཀྱི་འཛམ་གླིང་ཡོངས་ནས་འགྲེམ་སྟོན་ཉོ་ཚོང་བྱེད་པའི་སྟེགས་བུ་གལ་ཆེན་དང་རྒྱལ་ནང་རྒྱལ་སྤྱིའི་འཁོར་རྒྱུག་ཕན་ཚུན་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་འཛུགས་སྐྲུན་བྱས་ཏེ། འཛམ་གླིང་ལ་ཀྲུང་གོས་ཕྱི་ཕྱོགས་སྒོ་འབྱེད་སྔར་ལས་རྒྱ་སྐྱེད་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པའི་ཆོད་སེམས་བརྟན་པོ་འགྲེམ་སྟོན་བྱེད་རྒྱུ་དེ་ཡིན།
རིན་ཆེན་མཚོས་བསྒྱུར།