རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གསུམ་ས་ཡ་ལྔ་བཏང་ནས་རང་ཞིང་གི་ཆུ་དྲའི་བཟོ་སྐྲུན་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱས།
2021.05.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཆུ་བེད་བཟོ་སྐྲུན་ཆེན་པོ་དང་ཆུ་རྐ་བཅོས་སྐྱོང་། ས་ཆུ་ཤོར་བར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བཟོ་སྐྲུན། ཞིང་སྡེའི་བཏུང་ཆུ་བཟོ་སྐྲུན་བཅས་ནི་རྒྱལ་ཁབ་ཀྱིས་དུས་ཡུན་རིང་བོར་རང་ཞིང་ལ་རྒྱབ་སྐྱོར་བྱེད་པའི་ལས་གཞི་གལ་ཆེན་་གྱི་གྲས་ཡིན། ལོ་ལྔའི་འཆར་འགོད་བཅུ་བཞི་པ་འགོ་བརྩམས་རྗེས། རང་ཞིང་གི་ཆུ་བེད་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་གནས་བབ་ཇེ་ལེགས་སུ་སོང་། ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཆུ་བེད་པུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་རང་ཞིང་གི་ཆུ་དྲའི་རྐང་འཛིན་བཟོ་སྐྲུན་ཐད་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གསུམ་ས་ཡ་ལྔ་བཏང་སྟེ། རང་ཞིང་གི་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ཆུ་རྐ་ནུབ་མ་སོགས་རྒྱལ་ཁབ་ཆུ་དྲའི་རྐང་འཛིན་བཟོ་སྐྲུན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། དེས་རང་ཞིང་གི་ཆུ་བེད་བཟོ་སྐྲུན་གལ་ཆེན་འཛུགས་སྐྲུན་དེ་དུས་རིམ་གསར་བར་ཞུགས་པ་མཚོན་ཡོད།

ཆུ་དྲའི་རྐང་འཛིན་བཟོ་སྐྲུན་ནི་ཐན་སྐྱོན་འགོག་བཅོས་ཇེ་དྲག་ཏུ་གཏོང་བ་དང་ཆུའི་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ། ཆུའི་སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར་བྱེད་པ། བཞུར་རྒྱུད་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་ལ། རྒྱལ་ཁབ་ཀྱི་ཆུའི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་མེད་པའི་རྨང་གཞི་རང་བཞིན་གྱི་ནུས་པ་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཆུ་བེད་པུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་རང་ཞིང་གི་ཆུ་དྲའི་རྐང་འཛིན་བཟོ་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གསུམ་ས་ཡ་ལྔ་བཏང་སྟེ། གཙོ་བོར་རང་ཞིང་གི་ཙོང་ཆུའི་རྐ་བྱང་མའི་དབུལ་སྐྱོར་ཆུ་གཏོང་སྐབས་གཉིས་པ་དང་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ཆུ་རྐ་ནུབ་མ། ནཱ་ལིན་ཀི་ལི་ཆུ་བོའི་ཆུ་བེད་ལྟེ་གནས་སོགས་རྒྱལ་ཁབ་ཆུ་དྲའི་རྐང་འཛིན་བཟོ་སྐྲུན་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱེད་རྒྱུ་རེད། སྐོར་འདིའི་བཟོ་སྐྲུན་འཛུགས་སྐྲུན་བྱས་རྗེས། ཕན་ཡོད་དངུལ་གཏོང་ཇེ་མང་དུ་གཏོང་བ་དང་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་པ། དཔལ་འབྱོར་གཏན་འཇགས་ངང་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་ཐུབ་པ་དང་། རང་ཞིང་གི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ། ཁུལ་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དངུལ་གཏོང་འཆར་གཞི་བགོ་རྒྱུ་མ་ཟད། འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱེད་པ། ལས་གཞིའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། བཟོ་སྐྲུན་འཛུགས་སྐྲུན་མྱུར་དུ་སྤེལ་ནས། ཆུ་བེད་བཟོ་སྐྲུན་ལས་གཞི་ཆེན་པོ་དེ་དག་གིས་སྔ་མོ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཕན་འདོགས་པར་འགན་ལེན་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།