རང་ཞིང་གིས་སྤྱི་བའི་འཕྲོད་བསྟེན་ཚད་གཞི་ཅན་གྱི་ལག་རྩལ་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས།
2021.05.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཉེ་ལམ། མཚོ་སྔོན་ཞིང་ཆེན་སྤྱི་བའི་འཕྲོད་བསྟེན་ཚད་གཞི་ཅན་གྱི་ལག་རྩལ་ཨུ་ཡོན་ལྷན་ཁང་འཛུགས་པར་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡི་དངོས་སུ་ཆོག་མཆན་བཀོད་པ་དང་། གཙོ་བོ་ཞིང་ཆེན་ཡོངས་ཀྱི་སྤྱི་བའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཚད་གཞི་ཅན་གྱི་ལག་རྩལ་བྱ་བར་འགན་ཁུར་བ་དང་། ལག་རྩལ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཁྲུའུ་ཞིང་ཆེན་ནད་གཞི་སྔོན་འགོག་ཚོད་འཛིན་ལྟེ་གནས་ནས་བཙུགས། ད་ནས་བཟུང་། རང་ཞིང་གི་སྤྱི་བའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཚད་གཞི་དང་ལམ་ལུགས་གཏན་འབེབས་བཟོ་བཅོས་བྱ་བ་གོ་རིམ་ལྡན་པར་སྤེལ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། འཕྲོད་བསྟེན་ཚད་གཞི་ནི་འཕྲོད་བསྟེན་བཅའ་ཁྲིམས་ལམ་སྲོལ་སྣ་ཚོགས་དངོས་འབེབས་བྱེད་པའི་གལ་ཆེའི་ལག་རྩལ་གྱི་གཞི་འཛིན་ས་ཡིན་ལ། དེས་མི་དམངས་ཀྱི་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱེད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་སུ་ནུས་པ་གལ་ཆེན་ཐོན་ཡོད། མཚོ་སྔོན་ཞིང་ཆེན་སྤྱི་བའི་འཕྲོད་བསྟེན་ཚད་གཞི་ཅན་ལག་རྩལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནི་ཞིང་ཆེན་ནད་གཞི་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་། སྨན་བཅོས་འཕྲོད་བསྟེན་ལས་ཁུངས། ལས་རིགས་སྨན་ཁང་དང་མཐོ་རིམ་གསོ་རིག་སློབ་གླིང་སོགས་ལས་ཁུངས་བཅུ་བཞི་ཡི་ཆེད་ལས་ཁྱབ་ཁོངས་སོ་སོའི་ཆེད་ལས་མི་སྣ་ཞེ་བརྒྱད་ཀྱིས་གྲུབ་པ་དང་། ལས་འགན་གཙོ་བོ་ནི་ཆེད་ལས་ཁྱབ་ཁོངས་ཀྱི་ཚད་གཞིའི་དགོས་མཁོར་དབྱེ་ཞིབ་བྱེད་པ་དང་། ཞིབ་འཇུག་བྱས་ཏེ་ཆེད་ལས་ཁྱབ་ཁོངས་ཀྱི་ཚད་ལྡན་བྱ་བར་ཇུས་འགོད་དང་། འཆར་གཞི་དང་ཚད་ལྡན་མ་ལག་འཛུགས་རྒྱུ་དང་། ཆེད་ལས་ལག་རྩལ་ཁྱབ་ཁོངས་ནང་དུ་ས་གནས་ཀྱི་ཚད་གཞིའི་རྣམ་གྲངས་འཛུགས་པ་དང་། ཟིན་བྲིས་འགོད་པ། གྲ་སྒྲིག་འདྲི་གཅོད་སོགས་ཀྱི་བྱ་བའི་ཁྲོད་ནས། རང་ཞིང་གི་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ལ་འདེགས་སྐྱོར་འདོན་སྤྲོད་བྱེད་རྒྱུ། འབྲེལ་ཡོད་ལས་ཁུངས་ལ་རོགས་རམ་བྱས་ཏེ་རྒྱལ་སྤྱིའི་ཚད་གཞི་དང་། རྒྱལ་ཁབ་ཀྱི་ཚད་གཞི། ལས་རིགས་ཚད་གཞི་དང་ཚོགས་པའི་ཚད་གཞི་གཏན་འབེབས་བཟོ་བཅོས་བྱ་བར་ཞུགས་རྒྱུ། ཆེད་ལས་ཁྱབ་ཁོངས་ཀྱི་ཚད་གཞིའི་སྒྲོག་བཤད་དང་གསོ་སྦྱོང་སྤེལ་ནས། ཚད་གཞི་ལྡན་པའི་འདྲི་རྟོག་དང་ཞབས་ཞུ་སོགས་ཀྱི་བྱ་བ་སྤེལ་རྒྱུ། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་ཚད་གཞིའི་བྱ་བ་གཞན་པར་ཡང་འགན་ཁུར་ཁག་ཐེག་བྱེད་རྒྱུ་བཅས་རེད།

                                                                                                         རིག་འཛིན་སྒྲོལ་མས་བསྒྱུར།