ཟླ5བའི་ཚེས6ཉིན། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་། མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་འགན་སྒྲུབ་བྱས་པ། གུང་ཧོ་རྫོང་ཨུའི་དྲིལ་སྒྲོག་པུའུ་དང་གུང་ཧོ་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཁྲི་ཀ་རྫོང་ཨུའི་དྲིལ་སྒྲོག་པུའུ། ཁྲི་ཀ་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཞིན་ཧེ་རྫོང་ཨུའི་དྲིལ་སྒྲོག་པུའུ། ཞིན་ཧེ་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀོས་ནན་རྫོང་ཨུའི་དྲིལ་སྒྲོག་པུའུ། ཀོས་ནན་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཐུན་ཏེ་རྫོང་ཨུའི་དྲིལ་སྒྲོག་པུའུ། ཐུན་ཏེ་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་རོགས་སྒྲུབ་བྱས་པའི་ཞིང་ཆེན་བཞིའི་སྐབས་གསུམ་པའི་བོད་འབྲེལ་རླུང་བརྙན་འཕྲིན་ལྷན་འབྲེལ་ཚོགས་པ་མཚོ་ལྷོར་བསྐྱོད་པའི་ཆེད་དོན་བཅར་འདྲིའི་བྱ་འགུལ་མགོ་རྩོམ་པའི་མཛད་སྒོ་ཟི་ལིང་དུ་སྤེལ།
ད་ལོ་ནི་ཏང་བཙུགས་ནས་ལོ་ངོ་བརྒྱ་འགོར་བ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་བ”ལག་བསྟར་བྱེད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བགྲོད་ལམ་གསར་བ་བཏོད་པའི་ཐོག་མའི་ལོ་ཡིན་པས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར། དམངས་འཚོ་སོགས་ཕྱོགས་སོ་སོར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ལ། རིགས་སོ་སོའི་མི་དམངས་ཀྱིས་དགའ་བ་དང་ཡིད་སྨོན་གྱིས་ཏང་གི་འཁྲུངས་སྐར་ལ་བསུ་བ་བྱེད་བཞིན་ཡོད།
ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་ཁུལ་གྱིས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་ཕ་ཡུལ་འཛུགས་སྐྲུན་དམིགས་འབེན་དུ་བཟུང་ནས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། དཔལ་འབྱོར་འཛུགས་སྐྲུན་དང་སྐྱེ་ཁམས་དཔལ་ཡོན། ཞིང་སྡེ་དར་སྤེལ་སོགས་ཕྱོགས་གང་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་ཚེ་བྱམས་རྒྱལ་གྱིས་མགོ་རྩོམ་མཛད་སྒོའི་སྟེང་བཤད་རྒྱུར། མ་འོངས་པར་སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་བཞིའི་བོད་འབྲེལ་རླུང་བརྙན་འཕྲིན་གྱི་བཅར་འདྲིའི་བྱ་འགུལ་ཆེན་མོ་འདི་ཕུན་སུམ་ཇེ་ཚོགས་སུ་གཏོང་བའམ་འཐུས་སྒོ་ཇེ་ཚང་དུ་གཏོང་ཆེད། ལེ་ཚན་རྩེ་གྲའི་རིགས་རྣམས་ཕན་ཚུན་ལ་ཉམས་མྱོང་བརྗེ་རེས་བྱེད་པའམ་ཡང་ན་དཔྱད་གླེང་ཚོགས་འདུའི་རྣམ་པ་སོགས་བརྒྱུད་དེ་བཅར་འདྲིའི་ལས་དོན་འདི་ཉིད་སྔར་ལས་དོན་སྙིང་ལྡན་པ་ཞིག་ཏུ་འགྱུར་བར་རང་ནུས་ཅི་ལྕོགས་ཀྱིས་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་པའི་ཚུལ་བསྟན་པར་མ་ཟད། ཞིང་ཆེན་བཞིའི་བོད་འབྲེལ་རླུང་བརྙན་འཕྲིན་ལས་ཁུངས་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཕིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྲིད་ཇུས་དང་གཟིགས་སྐྱོང་འོག དཔུང་བ་མཉམ་གཤིབ་དང་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་མཉམ་ལས་མཉམ་རྒྱལ་དང་གཅིག་ལ་གཅིག་བརྟེན་གྱི་སྨྱན་སྦྱོར་ཐབས་ལམ་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་མཚོ་ལྷོ་ཁུལ་གྱི་རིག་གནས་དཔལ་འབྱོར་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་དྲིལ་སྒྲོག་བཟང་བོ་བྱེད་པར་རེ་སྐུལ་ཡང་ཡང་ཞུས།
མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་ཚེ་བྱམས་རྒྱལ་གྱིས་ཤིས་ཚིག་འབུལ་བཞིན་པ།
མཚོ་ལྷོ་ཁུལ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པའམ་མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་ཀི་ཝུན་ཅོན་གྱིས་བྱ་འགུལ་མགོ་བརྩམས་པ་ཁྱབ་སྒྲོག་བྱེད་པ།
ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་བོད་སྐད་འཕྲིན་ལམ་གྱི་གསར་འགོད་པ་བཀྲ་ཤིས་དབང་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།
ཞིང་ཆེན་བཞིའི་སྐབས་གསུམ་པའི་བོད་འབྲེལ་རླུང་བརྙན་འཕྲིན་ལྷན་འབྲེལ་ཚོགས་པ་མཚོ་ལྷོར་བསྐྱོད་པའི་ཆེད་དོན་བཅར་འདྲིའི་བྱ་འགུལ་དངོས་སུ་མགོ་བརྩམས་པ།
ཐེངས་འདིའི་ཆེད་དོན་བཅར་འདྲིར་ཞུགས་པའི་གསར་འགོད་པ་ལྷན་རྒྱས།
གསར་འགོད་པ། བསོད་ནམས་ཚེ་རིང་། དབང་རྒྱལ་ཚེ་རིང་། ལྕགས་ཐར་ཚེ་རིང་།