ཞིང་ཆེན་བཞིའི་སྐབས་གསུམ་པའི་བོད་འབྲེལ་རླུང་བརྙན་འཕྲིན་ལྷན་འབྲེལ་ཚོགས་པ་མཚོ་ལྷོར་བསྐྱོད་པའི་ཆེད་དོན་བཅར་འདྲིའི་ཚན་ཆུང་ཟླ་འདིའི་ཚེས་བདུན་ཉིན་གནའ་མཁར་ཟི་ལིང་ནས་ལམ་ལ་ཆས་ཏེ། ཆེས་ཐོག་མའི་བཅར་འདྲིའི་ས་ཚིགས་ཏེ་མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཐོག་ཏུ་འབྱོར། འབྲེལ་ཡོད་མི་སྣས་བཀོད་སྒྲིག་ལྟར་མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པའི་གནས་ཚུལ་ལ་རྒྱུས་ལོན་རགས་ཙམ་བྱས།
ཉེ་བའི་ལོ་འགའི་རིང་ལ། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པས《རྒྱ་ཚ།》དང《གསེར་གྱི་ཉི་མ།》 《ཨེ་མ་མཚོ་སྔོན་པོ།》 《རྒྱང་རིང་གི་མགྲོན་པོ།》 《གངས་རིའི་རྣམ་ཤེས།》 《བཀྲ་ཤིས་བདེ་ལེགས།》 《རླུང་ལྟར་མྱུར་བའི་རྡོག་བྲོ།》སོགས་མང་ཚོགས་ཀྱི་ཐོས་འདོད་མཐོང་འདོད་ཆེ་ཞིང་དྲང་ཕྱོགས་ནུས་ཚད་ལྡན་པའི་གླུ་གཞས་དང་རྡུང་ལེན། མཉམ་དཀྲོལ་རོལ་དབྱངས། ཟློས་གར། བཞད་གར་སོགས་ལེ་ཚན་ཉི་ཤུ་ལྷག་གསར་རྩོམ་བྱས་ཏེ། རྒྱལ་ནང་གི་ས་ཁུལ་མང་པོར་སྐོར་བསྐྱོད་འཁྲབ་སྟོན་ཐེངས་བརྒྱ་ལྷག་བྱས་པས་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད།
ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་དམིགས་བསལ་གྱི་ལོ་ཞིག་ཡིན་པས། མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པས་ཆེད་དུ་ཏང་གི་འཁྲུངས་སྐར་ལ་སྐྱེས་སུ་འབུལ་བའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གཞས་ཟློས་གར་ཆེན་མོ《ལས་དབང་གི་ལྷན་འཛོམས》ཞེས་པ་གསར་རྩོམ་མཛད་དེ། མཚོ་ལྷོ་ཁུལ་གྱི་རིགས་སོ་སོའི་མི་དམངས་རྣམས་དཔུང་བ་མཉམ་གཤིབ་དང་རྡོག་རྩ་གཅིག་སྒྲིལ་སྒོས་མཛེས་སྡུག་གི་ཕ་ཡུལ་བཞེངས་བསྐྲུན་བྱས་ནས། མི་རིགས་མཐུན་སྒྲིལ་དང་། དབུལ་ཐར་མཁྲེགས་གཏོར། གྲོང་གསེབ་དར་སྤེལ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྲུན་སོགས་ཀྱི་ཐད་ནས་བླངས་པའི་གྲུབ་འབྲས་ཆེན་པོ་མངོན་པར་མཚོན་ཡོད།
《ལས་དབང་གི་ལྷན་འཛོམས》ཞེས་པའི་གླུ་གཞས་ཟློས་གར་ཆེན་མོ་འདི་ནི་ཏང་གི་བཀའ་དྲིན་རྗེས་སུ་དྲན་པ་དང་ཏང་གི་འཁྲུངས་སྐར་ལ་བསུ་བ་བྱེད་པའི་ཆེད་དོན་ཟློས་གར་ཞིག་ཡིན་ལ། དུས་རབས་ཀྱི་འགྲོས་དང་མཐུན་ཞིང་མི་རིགས་ཀྱི་ཁྱད་ཆོས་མ་ཉམས་པའི་གར་སྟེགས་སྒྱུ་རྩལ་གྱི་རྣམ་པ་ལས་མཚོ་ལྷོ་ཁུལ་གྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་སུ་གཏོང་བའི་བསམ་པའི་སྙིང་སྟོབས་དང་རིག་གནས་དྲིལ་སྒྲོག་གི་རྣམ་པ་བསྟན་ཡོད།
ཟློས་གར་འདི་ནི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་མི་སྣའི་དངོས་བྱུང་གཏམ་རྒྱུད་གཞིར་བཟུང་ནས་གསར་རྩོམ་བྱས་པ་དང་། གར་སྟེགས་ཀྱི་ལག་རྩལ་སྣ་མང་བེད་སྤྱོད་དང་མི་རིགས་རིག་གནས་སྔོག་འདོན་བྱས་ཡོད་ལ། མཚོ་ལྷོ་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་དྲིན་ཚོར་བ་དང་ཏང་གི་ངག་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པའི་ཆོད་སེམས་བརྟན་པོ་གསལ་རྗེན་དུ་མངོན་ཡོད།
གླུ་གར་ཚོགས་པའི་འཁྲབ་སྟོན་པ་རྣམས་ཀྱིས་གླུ་གཞས་མཉམ་ལེན་བྱེད་བཞིན་པ།
ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པ།
རོལ་ཆས་མཉམ་སྡེབ་ཀྱིས་གླུ་གཞས་སྙན་མོ་ཞིག་དབྱངས་སུ་འགུག་བཞིན་པ།
བདེ་མོ་གར་གྱི་སྟངས་སྟབས།
རྒྱན་ཆའི་རིགས།
སྒྲ་ལེན་ཁང་།
གསར་འགོད་པའི་སྡེ།
གསར་འགོད་པ། བསོད་ནམས་ཚེ་རིང་། དབང་རྒྱལ་ཚེ་རིང་། ལྕགས་ཐར་ཚེ་རིང་།