གུང་ཧོ་རྫོང་ནི་མཚོ་ལྷོ་ཁུལ་གྱི་སྲིད་འབྱོར་རིག་གསུམ་གྱི་ལྟེ་བ་ཡིན་པ་དང་། མི་རིགས་སྣ་མང་འདུས་སྡོད་བྱེད་པའི་རྫོང་མཁར་ཞིག་ཡིན་པས། གནས་འདིའི་མི་དམངས་ཀྱི་འཚོ་བའི་ཐོན་སྐྱེད་དང་རིག་གནས་འཛུགས་སྐྲུན་གྱི་འཕེལ་རྒྱས་ཐད་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཏང་གི་དམངས་ཕན་སྲིད་ཇུས་སྣ་ཚོགས་ལག་བསྟར་བྱས་ཏེ། དམངས་ཀྱི་ཡོང་འབབ་སྔར་ལས་ཇེ་མང་དུ་སོང་བ་དང་བསྟུན། དམངས་སྒྲུབ་ཁེ་ལས་མང་པོ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་གཅིག་རྗེས་གཉིས་མཐུད་དུ་བྱུང་ཞིང་དམངས་ཀྱི་འཚོ་བ་གོང་ནས་གོང་དུ་འཕེལ་བ་དང་། ལས་རིགས་གསར་གཏོད་ཀྱི་རྣམ་པ་ཁྱོན་ཡོངས་ནས་འཕེལ་རྒྱས་གསར་བའི་མདུན་སྐྱོད་ཀྱི་ལམ་ཁར་སྙེག་བཞིན་ཡོད།
ང་ཚོས་རྒྱུས་ལོན་པ་ལྟར་ན། མཚོ་ལྷོ་ཁུལ་གསེར་ཆབ་བོད་མིའི་ཁྲོམ་ནི་ཉིས་སྟོང་བཅུ་དགུ་ལོའི་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་དངོས་སུ་བཙུགས་པ་དང་། གུང་ཧོ་རྫོང་གི་དཔལ་འབྱོར་དང་རིག་གནས་ཡུལ་སྐོར་ལྟེ་གནས་ཏེ་ཤམ་བྷ་ལའི་ཐང་ཆེན་དུ་ཡོད། སྤྱིའི་མ་དངུལ་སྒོར་བྱེ་བ་ལྔ་བཏང་ནས་འཛུགས་སྐྲུན་བྱས་པ་དང་། ཡུལ་བབ་དང་འཕེལ་རྒྱས་ཀྱི་ཆ་རྐྱེན་གང་མང་འཛོམས་ཡོད་པས། གསེར་ཆབ་བོད་མིའི་ཁྲོམ་དེ་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་དང་དུས་རབས་ཀྱི་རྒྱུན་དང་མཐུན་པའི་ཕྱོགས་བསྡུས་ཚོང་ར་ཆེན་མོ་ཞིག་ཏུ་གྱུར་ཡོད། ཁྲོམ་ར་དེར་ཚོང་ཁང་བདུན་ཅུ་ལྷག་ཡོད། དར་སྲོལ་གསར་བའི་གྱོན་ཆས་དང་རྒྱན་ཆས་ཀྱིས་མཚོན་པའི་མི་རིགས་བཟོ་རྩལ་དང་ས་གནས་ཁྱད་ལྡན་ཐོན་རྫས་སྣ་མང་འདུས་ཡོད་ལ། གུང་ཧོ་རྫོང་གི་བོད་ཀྱི་རིག་གནས་ཐོན་ལས་གསར་གཏོད་ར་བའི་མཚན་སྙན་ཐོབ་ཡོད།
གསེར་ཆབ་བོད་མིའི་ཁྲོམ་གྱིས་སྔོན་ཐོན་གྱི་ཚོང་གཉེར་འདུ་ཤེས་དང་ཚོང་རྟགས་གྲགས་ཅན་གྱི་སྟོབས་ཤུགས། མི་ཤུགས་ཐོན་ཁུངས། ཁེ་ལས་རིག་གནས་དང་ཚོང་གཉེར་ཡིད་རྟོན་བཟང་བོ་བཅས་ལ་བརྟེན་ནས། ཉིས་སྟོང་བཅུ་དགུ་ལོ་དང་ཉིས་སྟོང་ཉི་ཤུ་ལོར་བསྟུད་མར་གུང་ཧོ་རྫོང་ཚོང་རའི་ལྟ་རྟོག་དོ་དམ་ཅུའུ་ཡིས་འཛད་སྤྱོད་པ་ཡིད་ཚིམས་པའི་ལས་ཁུངས་སུ་བདམས། གསེར་ཆབ་བོད་མིའི་ཁྲོམ་གྱིས་ཚོང་ལས་དར་རྒྱས་ཀྱི་གསོན་ཤུགས་ལ་བརྟེན་ནས་དུས་རབས་གསར་བའི་འཛད་སྤྱོད་པའི་རླབས་རྒྱུན་ལ་སྣེ་ཁྲིད་བྱས་ཏེ། གུང་ཧོ་རྫོང་གི་འཛད་སྤྱོད་པ་ཆེས་དགའ་བའི་ཉོ་ཚོང་བྱེད་ས་ཞིག་ཏུ་གྱུར་ཡོད།
ཁྲོམ་ར་དེར་མི་རིགས་ཀྱི་གྱོན་ཆས་སྣ་ཚོགས་དང་། རྒྱ་གར་དང་བལ་ཡུལ་ནས་ནང་འདྲེན་བྱས་པའི་རས་དང་བཟོ་རྩལ་ཐོན་རྫས། བྱུ་རུ། གསེར་དངུལ་རྒྱན་ཆའི་རིགས། ཆོས་ལུགས་ཀྱི་ཡོ་བྱད། མར་ཆུར་དང་ཤ་སྐམ་སོགས་མཐོ་སྒང་གི་ཁྱད་ལྡན་ཟས་རིགས། དེ་མིན་གློག་རྡུལ་སྒྲིག་ཆས་དང་ཁྱིམ་སྤྱོད་གློག་ཆས། བོད་ལུགས་ཁྱིམ་ཆས། ས་གདན། བྱིས་པའི་རྩེད་ཆས། པར་ལེན་ཁང་སོགས་ཚོང་སྣ་མ་འདུས་པ་མེད་པའི་ཁར། ཚོང་རྫས་ཀྱི་རྒྱུ་སྤུས་ལ་བློ་གཏོད་བྱས་ཆོག་པ་དང་རིན་གོང་བདེ་མོ་ཡིན་པས། མཚོ་ལྷོའི་ཚོང་ལས་ལས་རིགས་ཀྱི་མིག་གི་རྒྱན་དུ་གྱུར་ཡོད།
གསེར་ཆབ་བོད་མིའི་ཁྲོམ་རས་མང་ཚོགས་ཀྱི་འཚོ་བར་སྟབས་བདེའི་ཞབས་ཞུ་འདོན་སྤྲོད་བྱས་ཡོད་པ་དང་། མཚོ་ལྷོའི་སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་ལ་རམ་འདེགས་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་པར་མ་ཟད། མང་ཚོགས་ཀྱི་ལས་ཞུགས་ཐད་ལའང་བྱས་རྗེས་བླ་ལྷག་ཏུ་བཞག་ཡོད། ཁྲོམ་རའི་ཚོང་བདག་དག་གིས་ཚོང་ཟོང་གི་རྒྱུ་སྤུས་དང་ཞབས་ཕྱིའི་རྣམ་འགྱུར་ལ་རེ་བ་སྔར་ལས་ཆེན་པོ་འདོན་པ་དང་ས་གནས་རང་གི་ཚོང་ལས་ཀྱི་མཚན་སྙན་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས་བློ་སྤོབས་ཆེན་པོས་མ་འོངས་པར་སྙེག་བཞིན་ཡོད།
ཞིང་ཆེན་བཞིའི་བོད་འབྲེལ་རླུང་བརྙན་འཕྲིན་གྱི་གསར་འགོད་པ་རྣམས་གསེར་ཆབ་བོད་མིའི་ཁྲོམ་རར་འབྱོར་བ།
རྣམ་དག་ཚོང་གི་ལྟེ་བ།
གསེར་ཆབ་བོད་མིའི་ཁྲོམ་ར།
དམངས་ཀྱི་རེ་འདུན་སྐོང་ཕྱིར།
ཚོང་བརྒྱ་སྣ་མང་འདུས་ཡོད།
ཚོང་སྣ་མི་གཅིག་ཁ་ཁ།
ཚོང་དཔོན་ནོར་བུས་སྲུང་ཡོད།
པིར་གྱི་རྩལ་ལས་འཁྲུངས་པའི།
ཆོས་སྐུ་པད་མོ་བཞད་སོང་།
སྟག་ཤར་ཁྲ་མོའི་གཟི་མདངས།
མཐེབ་བརྒྱ་ཕྲུག་གིས་གནང་ཡོད།
མགོ་ན་ཞྭ་མོ་ལྡེམ་ལྡེམ།
རྐང་ན་འཇུར་རྟ་ཐྲིག་ཐྲིག
སྣ་འདུས་ཚོང་གི་ལྟེ་བར།
ཕྱོགས་བཞིའི་མགྲོན་པོ་འདུས་ཡོད།
གསེར་ཆབ་བོད་མིའི་ཁྲོམ་རའི་ཚོང་བདག་རྣམས་དང་ལྷན་དུ་བསྐྱོན་པའི་མཉམ་པར།
གསར་འགོད་པ། བསོད་ནམས་ཚེ་རིང་། དབང་རྒྱལ་ཚེ་རིང་། ལྕགས་ཐར་ཚེ་རིང་།