རང་ཞིང་གིས་ཞིང་བ་ཞོར་ལས་པའི་ཟླ་ཕོགས་སྟེར་བར་འགན་སྲུང་བྱེད་པའི་སྲོལ་ཡིག་དྲིལ་སྒྲོག་ལག་བསྟར་ཟབ་མོ་བྱས།
2021.05.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 69

རྩ་བ་ནས་ཟླ་ཕོགས་ཆད་འཇོག་ལ་བཅོས་སྐྱོང་བྱེད་རྒྱུ་ནི་རྒྱ་ཆེའི་ཞིང་བ་ཞོར་ལས་པའི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་དང་འབྲེལ་བའི་ལས་འགན་གལ་ཆེན་ཡིན་ལ། ཞིང་བ་ཞོར་ལས་པའི་ཟླ་ཕོགས་སྟེར་བར་འགན་སྲུང་བྱེད་པའི་སྲོལ་ཡིག་ལག་བསྟར་བྱས་པའི་ཚུན་དུ། རང་ཞིང་གི་ངལ་རྩོལ་ལྟ་ཞིབ་སྡེ་ཁག་གིས་ཐབས་མང་མཉམ་སྤྱོད་ཀྱིས་སྲོལ་ཡིག་སློབ་སྦྱོང་དྲིལ་སྒྲོག་གི་བྱ་འགུལ་སྤེལ་བ་དང་། ཟླ་ཕོགས་ཆད་འཇོག་བྱེད་འདོད་མེད་པ་དང་ཟླ་ཕོགས་ཆད་འཇོག་བྱེད་མི་རུང་བ། ཟླ་ཕོགས་ཆད་འཇོག་བྱེད་མི་ཕོད་པའི་སྤྱི་ཚོགས་གླེང་ཕྱོགས་སྣང་ཚུལ་གྲུབ་པར་བྱས་ནས། སྲོལ་ཡིག་ལག་བསྟར་ནན་མོ་བྱེད་པར་འགན་སྲུང་བྱས།

ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ངལ་རྩོལ་ལྟ་ཞིབ་སྡེ་ཁག་གིས་སྐར་མ་གསུམ་ཅན་གྱི་འགུལ་རིས་དྲིལ་སྒྲོག་གློག་བརྙན་སྒྲིག་བཟོ་བྱས་ནས་ཞིང་བ་ཞོར་ལས་པའི་ཟླ་ཕོགས་སྟེར་བར་འགན་སྲུང་བྱེད་པའི་སྲོལ་ཡིག་ལ་འགྲེལ་ཀློག་བྱས་པ་དང་། ཞིང་བ་ཞོར་ལས་པའི་གོ་སླ་བ་དང་བལྟ་འདོད་ཡོད་པའི་རྣམ་པ་སྤྱད་དེ་རིམ་པ་བཞིན་སྲོལ་ཡིག་གི་འབྲེལ་ཡོད་བཅའ་ཁྲིམས་འགན་འཁྲི་ལ་གསལ་བཤད་བྱས་ཏེ། ཞིང་བ་ཞོར་ལས་པས་ཁེ་དབང་སྲུང་སྐྱོབ་ཀྱི་འདུ་ཤེས་ཡང་དག་འཛུགས་པར་སྐུལ་འདེད་བཏང་བ་དང་། བཅའ་ཁྲིམས་ཀྱི་མཚོན་ཆས་སྤྱད་དེ་རང་སྟེང་གི་ཁེ་ཕན་སྲུང་སྐྱོབ་བྱེད་ཤེས་པར་བྱས།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཁེ་ལས་བརྒྱ་དང་རེ་བརྒྱད་ལ་སོང་ནས་ཡུལ་དངོས་ནས་སྲོག་ཡིག་གི་ནང་དོན་སྒྲོག་འགྲེལ་བྱས་པ་དང་། དྲིལ་སྒྲོག་ལག་དེབ་སྟོང་གཉིས་ལྷག་བཀྲམས་ནས། དཔེ་མཚོན་དཔེ་གཞི་ལ་བརྟེན་ནས་སྲོལ་ཡིག་འགྲེལ་བཤད་བཟང་བོ་བྱས་པ་དང་། མི་བཀོལ་སྡེ་ཁག་གིས་རང་རྟོགས་སྒོས་ཟླ་ཕོགས་སྟེར་བའི་བཅའ་ཁྲིམས་འགན་འཁྲི་ལག་བསྟར་བྱེད་པའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་སོ་སོའི་ངལ་རྩོལ་ལྟ་ཞིབ་སྡེ་ཁག་གིས་ཉི་འོད་ནུས་པའི་ར་བའི་ཁུལ་སོགས་ཁེ་ལས་དང་ལས་གཞི་འཛུགས་སྐྲུན་ས་ཆ་རུ་སོང་ནས། ཁེ་ལས་ཀྱི་འགན་ཁུར་མི་སྣ་དང་ལས་གཞིའི་ལས་འཛིན་པ། ཞིང་བ་ཞོས་ལས་པ་བཅས་དང་ཁ་གཏད་བརྗེ་རེས་བྱས་པ་དང་། མི་བཀོལ་སྡེ་ཁག་གི་ཁུར་འོས་པའི་གཙོ་གཞི་འགན་འཁྲི་འགྲེལ་བཤད་གསལ་བོ་བྱས་ལ། བཟོ་སྐྲུན་འཛུགས་སྐྲུན་ཁེ་ལས་ཀྱིས་སྲོལ་ཡིག་གི་འབྲེལ་ཡོད་དོན་ཚན་དང་བྱེད་ཐབས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། ཁྲིམས་ལྟར་ཞིང་བ་ཞོར་ལས་པའི་ངལ་རྩོལ་ཐོབ་ཆ་ཁེ་དབང་ལ་སྲུང་སྐྱོབ་བྱས།

རིན་ཆེན་མཚོས་བསྒྱུར།