ཐུན་ཏེ་རྫོང་གིས་གྲོང་གསེབ་དར་སྤེལ་གྱི་ཐབས་ལམ་གསར་དུ་བཏོད།
2021.05.11 ཁུངས། ཀློག་གྲངས། 237

ཉེ་བའི་ལོ་འགའི་རིང་ལ། ཐུན་ཏེ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་དབུལ་སྐྱོར་བྱེད་ཐབས་གསར་གཏོད་བྱས་ཏེ་ས་གནས་རང་གི་ཁྱད་ལྡན་ཐོན་ལས་སྐོར་ཞིག་འཕེལ་རྒྱས་སུ་བཏང་ཞིང་། ཐུན་ཏེ་རྫོང་གིས་ཐོན་ལས་འཕེལ་རྒྱས་དང་། ཞིང་སྡེའི་འཛད་སྤྱོད་ཚོང་ར། འགྲིམ་འགྲུལ་དང་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་ཆས་སོགས་ཀྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཉིས་སྟོང་ཉི་ཤུ་ལོར་་གསར་དུ་བཙུགས་པ་དང་། དེ་མིན་རྫོང་དང་ཞང་། སྡེ་བ་བཅས་རིམ་པ་གསུམ་གྱི་གློག་རྡུལ་ཚོང་དོན་ཞབས་ཞུའི་ས་ཚིགས་ལས་ནས། གློག་རྡུལ་ཚོང་དོན་གྱི་ཞིང་ཕྱུགས་ལས་དང་ཡུལ་སྐོར་ལས་རིགས། ཚོང་ཟོང་འཁོར་རྒྱུག་བཅས་ཀྱི་ཞབས་ཞུའི་ལས་རིམ་ཁྲོད་ཀྱི་བེད་སྤྱོད་ཚད་ཇེ་ཆེར་བཏང་སྟེ། ས་གནས་རང་གི་གློག་རྡུལ་ཚོང་དོན་གྱི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་བཏང་བ་དང་། རོང་འབྲོག་པའི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་བསྐྲུན་ཡོད་པར་མ་ཟད། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་བཏང་ཡོད།

གློག་རྡུལ་ཚོང་དོན་ཞབས་ཞུའི་ལྟེ་གནས་དེའི་འཛུགས་སྐྲུན་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་སྟོང་གཅིག་དང་ཉིས་བརྒྱ་ལྷག་ཡོད་པ་དང་། དེའི་ནང་ཞིང་ཕྱུགས་ཀྱི་ཐོན་རྫས་དང་། གློག་རྡུལ་ཚོང་དོན་གསོ་སྦྱོང་རྟེན་གཞི། ས་གནས་རང་གི་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་བྱེད་སའི་ཐད་གཏོང་ཁང་སོགས་བཙུགས་ཡོད། ཉིས་སྟོང་བཅུ་དགུ་ལོའི་ཟླ་བརྒྱད་པར་ཐུན་ཏེ་རྫོང་ལ་རྒྱལ་ཁབ་གློག་རྡུལ་ཚོང་དོན་སྡེ་བར་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་གི་མིང་བྱང་གནང་། དེ་ལས་རོང་འབྲོག་ཁུལ་གྱི་འཁོར་རྒྱུག་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། གློག་རྡུལ་ཚོང་དོན་གྱི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བཏང་ཡོད་ལ། ཞིང་ཕྱུགས་ཐོན་རྫས་སྣ་ཚོགས་ཕྱིར་འཚོང་བྱེད་སའི་དེང་རབས་ཀྱི་ཉོ་ཚོང་མ་ལག་དཔེ་མེད་ཅིག་ཏུ་གྱུར་ཏེ། ཁྱད་ལྡན་ཐོན་རྫས་ཀྱི་ཕྱིར་འཚོང་ཐད་ནུས་པ་བླ་ལྷག་ཏུ་ཐོན་ཡོད།

མིག་སྔའི་བར་དུ། རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་རིམ་པའི་གློག་རྡུལ་ཚོང་དོན་ཞབས་ཞུའི་ས་ཚིགས་ལྔ་དང་སྡེ་བ་རིམ་པའི་ཞབས་ཞུའི་ས་ཚིགས་བཞི་བཅུ་བཙུགས་ཡོད་པ་དང་། གྲོང་རྡལ་རིམ་པའི་གློག་རྡུལ་ཚོང་དོན་དྲ་རྒྱའི་ཞབས་ཞུའི་ཁེབས་ཚད་བརྒྱ་ཆའི་བརྒྱར་བསླེབས་ཡོད།

གློག་རྡུལ་ཚོང་དོན་ཞབས་ཞུའི་ལྟེ་གནས་དེས་ད་རུང་སྡེ་བའི་གློག་རྡུལ་ཚོང་དོན་ཞབས་ཞུའི་ས་ཚིགས་ཀྱི་འགན་ནུས་ཇེ་དྲག་ཏུ་གཏོང་ཆེད། བསྡོམས་པས་རིགས་སྣ་ཚོགས་ཀྱི་ཚོང་དོན་གསོ་སྦྱོང་འཛིན་གྲྭ་ཉེར་བདུན་སྤེལ་བ་དང་། མི་ཐེངས་སྟོང་གཅིག་དང་དགུ་བརྒྱར་བསླེབས་ཡོད་ལ། དེས་རོང་འབྲོག་མང་ཚོགས་དང་སློབ་ཆེན་མཐར་ཕྱིན་སློབ་མ་སོགས་ཀྱི་ལས་ཞུགས་དང་ལས་སྐྲུན་ཐད་ཡར་སྐུལ་བཏང་ཡོད།

ཐུན་ཏེ་རྫོང་གིས་ཐོན་ལས་གསར་སྤེལ་ལ་ཤུགས་སྣོན་བྱེད་པའི་ཞོར་དུ་གྲོང་གསེབ་དར་སྤེལ་བྱ་བའང་གཙིགས་སུ་བཟུང་སྟེ། དབུལ་ཕོངས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཡོད། དེ་ཡང་ཐུན་ཏེ་རྫོང་རྐ་འབབ་སུམ་མདོ་གྲོང་རྡལ་གྱི་འབེ་བཟའ་སྡེ་བས་མཉམ་འཛུགས་མཉམ་སྤྱོད་ཀྱི་ཡུལ་སྐོར་གསར་སྤེལ་བྱས་ཤིང་། སྡེ་བའི་མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་སྐྱེ་ཁམས་སྲུང་སྐྱོབ་གཙོར་བཟུང་བ་དང་། སྐྱེ་ཁམས་ལེགས་པའི་ཞིང་སྡེ་དང་ཡུལ་སྐོར་དར་བའི་ཞིང་ལས། རིག་གནས་ལྡན་པའི་ཞིང་བ་བཅས་གསར་བསྐྲུན་བྱས་ཏེ། གྲོང་གསེབ་དར་སྤེལ་ཐད་ཀྱི་མིག་དཔེ་ལྟ་བུར་གྱུར་ཡོད།

འབེ་བཟའ་སྡེ་བ་ནི་ཐུན་ཏེ་རྫོང་མཁར་དང་བར་ཐག་སྤྱི་ལེ་གཉིས་ཙམ་གྱི་གནས་སུ་ཡོད་པ་དང་། ཕྱུགས་ལས་གཙོ་བོར་གཉེར་བའི་སྡེ་བ་ཞིག་རེད། འབེ་བཟའ་སྡེ་བའི་རྫོང་རུ་ཁྱུང་ཆེན་སྤྲོ་སྐྱིད་གླིང་ནི་ཉིས་སྟོང་བཅོ་བརྒྱད་ལོར་སྲིད་གཞུང་གིས་ཡུལ་སྐོར་དབུལ་སྐྱོར་མ་དངུལ་སྒོར་ས་ཡ་བཞི་དང་འབུམ་གསུམ་བཏང་ནས་འཛུགས་སྐྲུན་བྱས་པ་དང་། ལོ་ཧྲིལ་བོའི་ཡོང་འབབ་སྒོར་འབུམ་གཉིས་དང་ཁྲི་ལྔར་བསླེབས་ཡོད། དེང་རབས་ཀྱི་རྣམ་པར་མངོན་པའི་སྤྲོ་སྐྱིད་གླིང་དེ་འབེ་བཟའ་སྡེ་བའི་སྡེ་དམངས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་བའི་དབུལ་སྐྱོར་ཐོན་ལས་གཙོ་བོར་གྱུར་ཡོད།

འབེ་བཟའ་སྡེ་བར་ཡུལ་སྐོར་དར་རྒྱས་སུ་སོང་བ་དང་བསྟུན་ནས། འབྲོག་པ་མང་ཚོགས་ཀྱི་ལས་གཉེར་འདུ་ཤེས་ལ་འགྱུར་ལྡོག་བྱུང་ཡོད་ལ། ཁོ་ཚོའི་ཡུལ་སྐོར་ལས་སྐྲུན་གྱི་སྤོབས་སེམས་ཇེ་ཆེར་སོང་སྟེ། སྡེ་བ་ཧྲིལ་བོས་དཔུང་བ་མཉམ་གཤིབ་དང་ཕན་ཚུན་རོགས་བྱས་ནས་མ་འོངས་པའི་བདེ་སྐྱིད་འབྱོར་ཕྱུག་གི་འཚོ་བར་གོམ་སྟབས་ཆེན་པོས་བསྙེག་བཞིན་ཡོད།

གློག་རྡུལ་ཚོང་དོན་ཞབས་ཞུ་ལྟེ་གནས།

ཁྱད་ལྡན་ཐོན་རྫས།

ཁྱད་ལྡན་བོད་ལྭ།

ཕྱིང་དཀར།



དྲ་ལམ་ནས་ཐོན་རྫས་ཆེད་འཚོང་བྱེད་བཞིན་པ།

རྫོང་རུ་ཁྱུང་ཆེན་སྤྲོ་སྐྱིད་གླིང་།


གསར་འགོད་པ།  བསོད་ནམས་ཚེ་རིང་།  དབང་རྒྱལ་ཚེ་རིང་།  ལྕགས་ཐར་ཚེ་རིང་།