དཔྱིད་ཟླ་མཐའ་མའི་དུས་ཚིགས་འདིར་ང་ཚོས་རང་བྱུང་ཁམས་ཆེན་པོའི་མཛེས་སྡུག་ཡོད་ཚད་བརྙན་མིག་ཏུ་བརྒྱུས་ཏེ་མཐོན་པོ་རི་དང་། དམའ་མོ་གཤོང་། ལམ་ཕྲན་དང་གཞུང་ལམ་བརྒྱུད་དེ་བཅར་འདྲིའི་ས་ཚིགས་རེ་རེར་སྐྱོད། བཅར་འདྲིའི་ས་ཚིགས་རེ་རེ་ན་མཚར་སྡུག་གི་གཏམ་རྒྱུད་རེ་རེ་ཡོད་ལ། མཚར་སྡུག་གི་གཏམ་རྒྱུད་རེ་རེ་ནི་ཏང་གི་འཁྲུངས་སྐར་ལ་སྐྱེས་སུ་བཏེགས་པའི་རྒྱལ་ཁའི་ལེགས་སྐྱེས་རེ་རེའོ།
དེ་རིང་སྟེ་ཟླ་ལྔ་བའི་ཚེས་བཅུ་ཉིན་ང་ཚོ་སྔར་བཞིན་ལམ་ལ་ཆས་ཏེ་ཐུན་ཏེ་ནས་ཀོས་ནན་ལ་སྐྱོད་བཞིན་ཡོད། ཆར་ཟིམ་ཟིམ་དང་སྨུག་ལོང་ལོང་གི་ཁྲོད་ནས་ང་ཚོ་ཀོས་ནན་རྫོང་དང་ཐག་མི་རིང་བའི་སུམ་མདོ་གྲོང་རྡལ་དུ་འབྱོར། དེ་གའི་སློབ་གསོ་སྡེ་ཁག་གི་སྣེ་ཁྲིད་འོག་སུམ་མདོ་གྲོང་རྡལ་བྱིས་སྐྱོང་ཁང་གཉིས་པ་དང་སུམ་མདོ་བཅའ་སྡོད་སློབ་ཆུང་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་རགས་ཙམ་བྱས།
སློབ་གསོའི་བྱ་བ་དམིགས་སུ་འཛིན་རྒྱུ་ནི་རིག་གནས་ཀྱི་རྨང་རྡོ་གལ་ཆེན་ཞིག་ཡིན་ལ། ཁྱིམ་ཚང་གི་སློབ་གསོ་དང་། སློབ་གྲྭའི་སློབ་གསོ། སྤྱི་ཚོགས་སློབ་གསོ་བཅས་ནི་སློབ་གསོའི་དུས་རིམ་ཁྲོད་ཀྱི་ཆེས་གནད་འགག་གི་དུས་སྐབས་ཁྱད་པར་ཅན་ཞིག་ཡིན།
ཉེ་བའི་ལོ་འདི་འགའི་རིང་ལ། སློབ་གསོ་སྡེ་ཁག་གིས་བྱིས་པའི་སློབ་གསོ་ལ་མཐོང་ཆེན་བླ་ལྷག་བྱས་ཏེ་བྱིས་པ་ནི་མ་འོངས་པའི་བདག་པོ་དང་མེས་རྒྱལ་གྱི་གཅེས་ནོར་ཡིན་ལ། དེ་བས་སློབ་གྲྭ་སོ་སོར་དགེ་རྒན་གྱི་དཔུང་སྡེ་འཐུས་ཚང་དུ་གཏོང་བ་དང་། ལག་ལེན་གྱི་ཁྲིད་ཐབས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། བྱིས་པའི་སེམས་ཁམས་དང་མཐུན་པའི་རིག་གནས་ཀྱི་བྱ་འགུལ་སྣ་མང་སྤེལ་ཏེ་སློབ་གསོའི་བྱ་བ་འདི་ཉིད་གོང་ནས་གོང་དུ་སྤེལ་བར་སྐུལ་ཁྲིད་ཀྱི་ནུས་པ་གང་ལེགས་ཐོན་བཞིན་ཡོད།
བྱིས་སྐྱོང་ཁང་གཉིས་པ་ནི་མཉམ་འབྲེལ་བྱིས་སྐྱོང་ཁང་དང་དཀྱིལ་སྙིང་བྱིས་སྐྱོང་ཁང་གཉིས་ཀྱིས་གྲུབ་པ་ཞིག་ཡིན་ལ། འབྲོག་པ་མང་ཚོགས་ཀྱི་བསམ་བློའི་ཆུ་ཚད་མཐོར་འདེགས་དང་གཏན་སྡོད་གནས་ཚུལ་ཇེ་བརྟན་དུ་སོང་བ་དང་བསྟུན་ནས། བྱིས་སྐྱོང་ཁང་འདི་དངོས་སུ་འཛུགས་ཐུབ་པ་བྱུང་། བྱིས་སྐྱོང་ཁང་འདིའི་སློབ་མའི་ཡོང་ཁུངས་གཙོ་བོ་ནི་སྟག་ལུང་དང་། གསེར་གཞུང་། རྫ་སྐེད་སྡེ་བ་བཅས་རེད།
སློབ་གྲྭ་འདི་གཉིས་བཙུགས་པ་ནས་བཟུང་ས་གནས་མང་ཚོགས་ཀྱི་བྱིས་པ་དག་གིས་སྔོན་ཐོན་སློབ་གསོ་མྱང་རྒྱུའི་སྐལ་བ་ལྡན་ཏེ་བྱིས་པའི་སེམས་ཁམས་ལའང་འགྱུར་ལྡོག་ཆེན་པོ་བྱུང་།
སུམ་མདོ་གྲོང་རྡལ་བཅའ་སྡོད་སློབ་ཆུང་ནི1966གསར་དུ་བཙུགས་ཤིང་། སློབ་གྲྭ་འདི་གཉིས་ཀས་བྱིས་པར་སློབ་སྦྱོང་དང་གསོ་སྐྱོང་སློབ་སྟོན་དམིགས་འབེན་དུ་བཟུང་སྟེ"ཁྱབ་ཁོངས་ཆེན་པོ་ལྔའི"བླང་བྱ་ལྟར། རང་ས་ཁུལ་གྱི་དམིགས་བསལ་རང་བཞིན་ལ་ཁ་གཏད་ནས་སྐད་གཉིས་སློབ་གསོའི་རྣམ་པ་བེད་སྤྱོད་བྱེད་པ། བྱིས་པ་ཆུང་དུས་ནས་རང་ཉིད་ལ་དགའ་བ་དང་། ཁྱིམ་མི་ལ་དགའ་བ། སྤྱི་ཚོགས་ལ་དགའ་བ། མེས་རྒྱལ་ལ་དགའ་བ་བཅས་ཀྱི་གོམས་གཤིས་བཟང་པོ་གསོ་སྐྱོང་བྱེད་པ། ཆུང་དུས་ནས་མི་རིགས་རང་གི་རིག་གནས་ལ་སློབ་སྦྱོང་བྱས་ཏེ་སྲོལ་རྒྱུན་རིག་གནས་སློབ་ཁྲིད་བྱེད་སྒོའི་ཁྲོད་དུ་ཁྱབ་བརྡལ་དུ་བཏང་སྟེ་ཁྱད་ཆོས་ལྡན་པའི་སློབ་གྲྭ་ཞིག་ཏུ་བསྒྱུར་བར་འབད་པ་གང་ལེགས་བྱེད་བཞིན་ཡོད། སློབ་གྲྭ་འདི་གཉིས་ཀས་ད་ལྟའི་བར་དུ་ཕྱོགས་ཡོངས་ནས་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་སའི་བྱ་འགུལ་ཁང་དང་། བྱིས་པའི་སྤྲོ་སྣང་དང་ནུས་བ་གསོ་སྐྱོང་བྱ་སའི་ཞབས་བྲོ་ཁང་། ད་དུང་བྱེད་ནུས་མང་བའི་རྩེད་ཆས་ཆེ་གྲས་སོགས་གྲ་སྒྲིག་ཕུན་སུམ་ཚོགས་པ་བྱས་ཏེ། ཐོག་མཐའ་བར་གསུམ་དུ"བརྩེ་བ་ཡིད་ལ་སྒོམ་ནས་གཉོར་སྐྱོང་བྱེད། སེམས་པ་ལག་ལ་བསྣམས་ནས་སློབ་གསོ་སྤེལ།"ཞེས་པའི་དགོངས་དོན་གཞིར་བཟུང་ཐོག བྱིས་པར་སྤྲོ་སྣང་སྟེར་བ་དང་། ལས་བཟོ་བར་བདེ་སྐྱིད་བསྐྲུན་པ། ཁྱིམ་བདག་ལ་ཡིད་ཆེས་སྟེར་བ་སོགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ས་གནས་ཀྱི་ཐོན་ཁུངས་ལེགས་སྤེལ་དང་རང་ཡུལ་གྱི་རིག་གནས་སྔོག་འདོན། མི་རིགས་ཀྱི་ཁྱད་ཆོས་གསར་འདོན་བྱེད་པའི་ཕྱོགས་ལ་ནུས་པ་གང་ལེགས་ཐོན་བཞིན་ཡོད།
ཞིང་ཆེན་བཞིའི་གསར་འགོད་པ་རྣམས་ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་བྱིས་སྐྱོང་ཁང་གཉིས་པར་འབྱོར་བ།
བྱ་དགའི་གཟིགས་གཟོས་དང་སློབ་གཙོ་རིམ་བྱོན།
ཐ་མག་གི་ཉེས་དམིགས་གླེང་བཞིན་པ།
མིག་མངས་རྩེ་བཞིན་པ།
བྱིས་པའི་སྤྲོ་སྣང་དང་ནུས་པ་གསོ་སྐྱོང་བྱེད་པ།
རི་མོ་འབྲི་བཞིན་པ།
ཞབས་བྲོ་འཁྲབ་བཞིན་པ།
གཟབ་ནན་གྱིས་ལས་བྱ་འབྲི་བཞིན་པ།
གླུ་དབྱངས་སྦྱང་བཞིན་པ།
ཡིག་གཟུགས་སྦྱང་བཞིན་པ།
དགའ་ཕྱོགས་དང་ནུས་པ་གསོ་སྦྱོང་བྱེད་པ།
གསར་འགོད་པ། བསོད་ནམས་ཚེ་རིང་། དབང་རྒྱལ་ཚེ་རིང་། ལྕགས་ཐར་ཚེ་རིང་།