རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡིས་ཟླ་ལྔ་པའི་ཚེས་བཅུ་གཅིག་ཉིན་རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་བདུན་པའི་སྤྱི་བསྒྲགས་སྤེལ་བ་དང་། སྤྱི་བསྒྲགས་ལས་མངོན་པ་ལྟར་ན་མཚོ་སྔོན་གྱི་རྒྱུན་སྡོད་མི་གྲངས་ས་ཡ་ལྔ་དང་འབུམ་དགུ་ཁྲི་གཉིས་སྟོང་གསུམ་དགུ་བརྒྱ་ང་བདུན་ལ་སླེབས་པ་དང་། རྒྱལ་ཡོངས་མི་གྲངས་ཀྱི་བརྒྱ་ཆའི་ཐིག་ཚེག་བཞི་གཉིས་ཟིན་པ་དང་། ཉིས་སྟོང་བཅུ་ལོའི་རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་དྲུག་པ་ལས་འབུམ་གཉིས་དང་ཁྲི་དགུ་སྟོང་བདུན་ཉིས་བརྒྱ་སོ་ལྔ་ཇེ་མང་དུ་སོང་ཡོད་པ་རེད།
ཕོ་མོའི་གྲུབ་ཚུལ་ཐད་ནས་བལྟས་ན། མཚོ་སྔོན་གྱི་མི་གྲངས་ཁྲོད་དུ་ཕོ་ཡིས་བརྒྱ་ཆའི་ང་གཅིག་ཚེག་གཉིས་གཅིག་ཟིན་པ་དང་མོ་ཡིས་བརྒྱ་ཆའི་ཞེ་བརྒྱད་ཚེག་བདུན་དགུ་ཟིན་པ་རེད། མིའི་ལོ་ནའི་གྲུབ་ཚད་ཐད་བལྟས་ན། ལོ་གཅིག་ནས་བཅུ་བཞིའི་བར་གྱི་མིས་བརྒྱ་ཆའི་ཉི་ཤུ་ཚེག་བརྒྱད་གཅིག་དང་ལོ་བཅོ་ལྔ་ནས་ང་དགུའི་བར་གྱི་མིས་བརྒྱ་ཆའི་རེ་བདུན་ཚེག་ཐིག་བཞི་ཟིན་ལ། ལོ་དྲུག་ཅུའི་ཡན་གྱི་མིས་བརྒྱ་ཆའི་བཅུ་གཉིས་ཚེག་གཅིག་བཞི་ཟིན་པ་རེད། སློབ་གསོ་མྱངས་པའི་གནས་ཚུལ་ལྟར་ན། ཞིང་ཆེན་ཡོངས་སུ་མི་འབུམ་གཅིག་རེའི་ནང་དུ་སློབ་ཆེན་མཐར་ཕྱིན་པ་ཁྲི་གཅིག་དང་སྟོང་བཞི་བརྒྱད་བརྒྱ་བརྒྱད་ཅུ་རེ་དང་མཐོ་འབྲིང་མཐར་ཕྱིན་པ་ཁྲི་གཅིག་དང་ལྔ་བརྒྱ་རེ་བརྒྱད་རེ་ཡོད་པ་དང་། དམའ་འབྲིང་མཐར་ཕྱིན་པ་ཁྲི་གཉིས་སྟོང་བཞི་སུམ་བརྒྱ་ཞེ་བཞི་རེ་དང་སློབ་ཆུང་མཐར་ཕྱིན་པ་ཁྲི་གསུམ་སྟོང་གཉིས་བདུན་བརྒྱ་ཉེར་ལྔ་རེ་ཡོད་པ་རེད།
མི་ཕམ་མགོན་པོས་བསྒྱུར།