མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་ཀན་སུའུ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྡུས་པའི་ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་ཀྱི་ཆེད་དོན་མི་བསྡུ་གྲོས་ཚོགས་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་ཟི་ལིང་གྲོང་ཁྱེར་ནས་བསྡུས། བསྡོམས་རྩིས་ལྟར་ན། ཉིན་དེར་བསྡོམས་པས་མི་སུམ་བརྒྱ་ལྷག་མི་བསྡུ་གྲོས་ཚོགས་ལ་ཞུགས་པ་དང་། མི་དྲུག་ཅུ་ལྷག་གིས་ལས་ཞུགས་འདོད་བློའི་གྲོས་མཐུན་བཀོད།
ཐེངས་འདིའི་བྱ་འགུལ་ནི་ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་འཛུགས་སྐྲུན་བྱེད་པའི་མི་ཤུགས་ཐོན་ཁུངས་ཀྱི་བརྗེ་རེས་དང་མཉམ་ལས་བྱ་བ་སྤེལ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་མི་ཤུགས་ཐོན་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་བརྗེ་རེས་ཐོག་མ་ཡང་ཡིན་པས། ཞིང་ཆེན་གཉིས་ཀྱི་མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་རིགས་འཕེལ་རྒྱས་སུ་གཏོང་བ་དང་བརྗེ་རེས་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན། བྱ་འགུལ་སྔོན་དུ། ཞིང་ཆེན་གཉིས་ཀྱི་ཞིང་ཆེན་རིམ་པའི་མི་ཤུགས་ཐོན་ཁུངས་ཀྱིས་ཞིང་ཆེན་གཉིས་ཀྱི་སྤུས་ལེགས་ཁེ་ལས་དྲུག་ཅུ་ལྷག་བསྡུ་རུབ་བྱས་ནས་མི་བསྡུ་གྲོས་ཚོགས་ལ་ཞུགས་པ་དང་། ལས་རིགས་ཐད་ནས་འཕྲུལ་ཆས་བཟོ་སྐྲུན་དང་སྨན་བཅོས་འཕྲོད་བསྟེན། ཆ་འཕྲིན་ལག་རྩལ། ཁྱིམ་ཆས་ཇུས་འགོད། ས་ཁང་བདག་ཁོངས། བཟའ་བཏུང་། སློབ་གསོ། སིལ་འཚོང་། མཛེས་བཟོ། དངུལ་རྩ་སོགས་ལས་རིགས་བཅུ་ལྷག་གི་ལས་རྐང་སྟོང་དྲུག་ལྷག་འདུ།
ཀན་སུའུ་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་རིགས་ཀྱི་བརྗེ་རེས་མཉམ་ལས་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་། ཀན་སུའུ་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་འཆར་འགོད་ཀྱི་དགོངས་པ་ལག་བསྟར་བྱེད་ཆེད། བྱ་འགུལ་སྐབས་སུ། ཞིང་ཆེན་གཉིས་ཀྱི་འབྲེལ་ཡོད་བྱ་བའི་འགན་ཁུར་མི་སྣས་ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་བར་དུ་མི་ཤུགས་ཐོན་ཁུངས་ཀྱི་བརྗེ་རེས་དང་མཉམ་ལས་རྐྱེན་སྲོལ་འཛུགས་པའི་ཐད་ནས་ཐོག་མའི་འདོད་བློའི་གྲོས་མཐུད་བཀོད། རང་ཞིང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཐེངས་འདིའི་བྱ་འགུལ་གོ་སྐབས་སུ་བརྩི་བ་དང་། ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་ཀྱི་མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས་བཟང་བོ་དམ་འཛིན་བྱེད་པ། གྲོང་ཁྱེར་ཚོགས་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་འདེགས་སྐྱོར་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཞིང་ཆེན་གཉིས་ཀྱི་མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་རིགས་མཉམ་ལས་སྒོས་འཕེལ་རྒྱས་སུ་བཏང་སྟེ། ས་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཤུགས་ཡོད་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།