མཚོ་སྔོན་གྱི་འབྲོག་པ་ཞིག་གིས་སྡེ་བའི་ལས་བྱེད་པའི་འགན་ཁུར་བའི་ལོ10རིང་ལ་སྒེར་གྱི་སྒོར་ཁྲི20ལྷག་ཙམ་བཏང་སྟེ་དབུལ་སྐྱོར་དཀའ་སེལ་བྱས།
2021.05.18 ཁུངས། གངས་ལྗོངས་འཕྲིན་གསར། ཀློག་གྲངས། 62

ཁོས་ལོ་འདི་དག་གི་རིང་ལ་སྡེ་བའི་ལས་བྱེད་པའི་འགན་ཁུར་བའི་རིང་། རང་ཉིད་མི་སྒེར་གྱི་སྒོར་མོ་ཁྲི16ལྷག་ཙམ་དང་དེའི་ཐོག་གླ་ཕོགས་བསྣན་ན་ཧ་ལམ་སྒོར་ཁྲི20ལྷག་ཙམ་དབུལ་སྐྱོར་དཀའ་སེལ་གྱི་ཕྱོགས་སུ་བཀོལ་ཡོད་པ་རེད། གླ་ཕོགས་ཀྱིས་ཁྱིམ་ཚང་གི་འཚོ་བར་ཁ་གསབ་བྱེད་རྒྱུ་ཕར་ཞོག ད་དུང་རང་ཉིད་ཀྱི་སྒོར་མོ་བཀོལ་སྤྱོད་བྱས་ནས་གཞན་ལ་རོགས་རམ་བྱེད་པ་རེད། འབྲོག་ཁུལ་གྱི་ལས་བྱེད་པ་ཞིག་གི་ངོས་ནས་བཤད་ན་རླབས་ཆེ་བའི་བྱ་བ་འདི་ལྟ་བུ་སེམས་སུའང་དྲན་མི་ཐུབ་ལ་ལག་ལེན་དུ་འདེབས་རྒྱུ་ནི་དེ་བས་ཀྱང་དཀའ་འོ།།

ཀླུ་སྒྲུབ་ཚེ་རིང་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་ནས་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པ། 

དབྱར་ཚུགས་པའི་ཉིན་མོར། གསར་འགོད་པ་མཚོ་སྔོན་པོའི་བྱང་ངོགས་སུ་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་ཐོན་པ་ན། རྫོང་དེའི་གཡུ་དཀར་འོམ་ལུང་ཞང་གི་ཞང་ཀྲང་གཞོན་པ་ལན་ཧའེ་ལུང་གིས་གསར་འགོད་པར་རྐང་ཚ་གོང་མ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀླུ་སྒྲུབ་ཚེ་རིང་ངོ་སྤྲོད་བྱས།

ཉིན་གུང་ཙམ་ལ། ཀླུ་སྒྲུབ་ཚེ་རིང་གིས་གསར་འགོད་པ་མཐོང་མ་ཐག་མགོའི་སྐྲ་ལ་བྱིལ་བྱིལ་ཞིག་བྱས་རྗེས། “ཐུགས་རྒྱལ་མ་བཞེངས། སྙིང་དཀར་རྒྱལ་གྱི་ལུས་ཕུང་ཉིན་འདི་འགར་ཅུང་མ་བདེ་བས་ང་ཞོགས་པ་སྔ་མོ་ནས་ཁོར་ལྟ་རུ་ཕྱིན་པ་ཡིན་ཞིང་། ལམ་ཐག་ཅུང་ཐག་རིང་བ་དང་རླངས་འཁོར་ལ་ཡང་ཆག་སྐྱོན་བྱུང་སོང་།”ཞེས་བཤད།

ཀླུ་སྒྲུབ་ཚེ་རིང་གིས་བཤད་པའི་སྙིང་དཀར་རྒྱལ་ནི་ལོ72ལ་སླེབས་པའི་རྒན་པོ་ལོང་བ་ཞིག་ཡིན་ལ། ཁོ་ཚང་ནས་ཞང་སྲིད་གཞུང་བར་ལམ་ཐག་སྤྱི་ལེ20ལྷག་ཙམ་ཡོད་པ་དང་ལམ་ཐག་རིང་ཞིང་རྒན་པོ་རང་ཉིད་ཞང་ཐོག་ཏུ་དོན་དག་སྒྲུབ་པར་ཡོང་ཐབས་བྲལ་བས། ཀླུ་སྒྲུབ་ཚེ་རིང་ནམ་རྒྱུན་ཁོ་ཚང་གི་ཁྱིམ་དུ་སོང་ནས་ཞབས་འདེགས་ཞུས་པར་མ་ཟད་དུས་ཆེན་དང་ངལ་གསོའི་དུས་སུའང་འཚོ་བའི་མཁོ་ཆས་ཁྱེར་ནས་ཁོ་ལ་ལྟ་རུ་འགྲོ་བཞིན་མཆིས། 

“ཧྲུའུ་ཅི་ཀླུ་སྒྲུབ་ཚེ་རིང་ནི་ཀུན་གྱིས་ཐུན་མོང་དུ་ཁས་ལེན་བྱེད་པའི‘ཁོམ་ལོང་མེད་པའི་མི’ཞིག་སྟེ། གནད་འཁེལ་དབུལ་སྐྱོར་དང་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་བྱེད་པའི་རྣམ་གྲངས། འབྲོག་པའི་གཏན་སྡོད་ལས་གྲྭ། འཕྲོད་བསྟེན་ཁོར་ཡུག་བཅོས་སྒྲིག་སོགས་དམངས་ཕན་སྲིད་ཇུས་ཆེ་ཆུང་ཚང་མར་ཁོས་བྲེལ་བརྩོན་ཆེ་བའི་སྣང་བརྙན་མཐོང་རྒྱུ་ཡོད་ལ། དེ་དང་ཆབས་ཅིག ཁོས་ལོ་ལྟར་རང་གི་སྒོར་མོ་བེད་སྤྱོད་བྱས་ཏེ་ཚགས་སྒྲིག་བྱང་བཟོས་ཀྱི་དབུལ་ཕོངས་ཁྱིམ་ཚང85དང་ཏང་ཡོན་རྒན་པ14ལ་འཚམས་འདྲི་བྱེད་བཞིན་ཡོད་པར་མ་ཟད། སྡེ་བའི་ཁྱིམ་ཚང་དུ་བསྐྱོད་དེ་མང་ཚོགས་ཀྱི་སེམས་གཏམ་ལ་ཉན་བཞིན་རང་ནུས་གང་ཡོད་བཏོན་ནས་རོགས་རམ་བྱེད་པ་རེད”ཅེས་ལན་ཧའེ་ལུང་གིས་དེ་ལྟར་ངོ་སྤྲོད་བྱས།

ཀླུ་སྒྲུབ་ཚེ་རིང་གིས་སྡེ་མིའི་ངོ་བཅར་སྣེ་ལེན་བྱེད་བཞིན་པ། 

ཀླུ་སྒྲུབ་ཚེ་རིང་གིས“ང་ཚོའི་སྡེ་བར་མི་གྲངས་མང་བས་ནམ་རྒྱུན་བྱ་བ་ཆེ་ཆུང་སྣ་ཚོགས་གང་མང་ཞིག་ཡོད་ལ། སྡེ་བའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་ནི་དགོས་ངེས་ཀྱི་དོན་དག་ཅིག་ཡིན་པས། རང་ཉིད་ཀྱི་ཁྱིམ་ཚང་གི་འཚོ་བ་འདི་ལྟར་སྟབས་བདེའི་སྒོ་ནས་རོལ་ནའང་དཀའ་ཁག་དེ་ཙམ་ཆེན་པོ་མེད”ཅེས་བཤད།

2011ལོ་ནས2014ལོའི་བར། ཀླུ་སྒྲུབ་ཚེ་རིང་གིས་སྡེ་བའི་ཚོ་དཔོན་གྱི་འགན་ཁུར་བ་ནས་བཟུང་ཁོས་ནོར་ལུག་བཙོང་བ་དང་དབྱར་རྩྭ་དགུན་འབུ་རྐོ་བའི་ལས་ཀ་དོར་བས། ཡར་སྔོན་ལོ་རེར་སྒོར་ཁྲི10ལྷག་ལེན་པའི་ཡོང་འབབ་དེ་ཙམ་མེད་པ་རེད། 2014ལོའི་ཟླ11པ་ནས2017ལོའི་བར་ཁོས་རྐང་ཚ་གོང་མ་སྡེ་བའི་ཀྲུའུ་རིན་གྱི་འགན་ཁུར་ལ། 2017ལོའི་ཟླ11པ་ནས2020ལོའི་ལོ་མཇུག་བར་བློ་གཅིག་སེམས་གཅིག་གིས་སྡེ་མི་ཚོར་ཞབས་འདེགས་ཞུས་པའི་ཀླུ་སྒྲུབ་ཚེ་རིང་ཚང་མས་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་ཤིང་། ལོ་བཅུའི་རིང་ལ་ཀླུ་སྒྲུབ་ཚེ་རིང་གིས་ལོ་ལྟར་རང་གི་སྒོར་མོ་བེད་སྤྱོད་བྱས་ཏེ་མི་གཞན་ལ་སེམས་ཁུར་དང་རོགས་རམ་གང་མང་བྱས་ཡོད་པ་རེད།

2019ལོའི་ཟླ8པར། ཀླུ་སྒྲུབ་ཚེ་རིང་སྡེ་བའི་ནོར་ལུག་གསོ་ཚགས་མཉམ་ལས་ཁང་གི་བྱ་བར་བྲེལ་བཞིན་ནམ་རྒྱུན་ནམ་གུང་མ་གཏོགས་ངལ་གསོ་བྱེད་ཐུབ་མེད་པ་རེད། སྐབས་དེར་ཁོར་ནམ་རྒྱུན་སྐྱུག་མེར་ལངས་ཀྱིན་ཡོད་པ་དང་། ལྟོགས་དྲགས་ན་གོ་རེ་ཟོས་ཏེ་དང་ཆུ་ཁོལ་འཐུང་ནས་བསྡད་པས་ཉིན་འགའི་རྗེས་སུ་ལས་གནས་སྟེང་མགོ་ཡུ་འཁོར་ནས་བརྒྱལ་སོང་བ་རེད།

སྨན་ཁང་དུ་སྐྱེལ་སྐབས་ཀླུ་སྒྲུབ་ཚེ་རིང་དྲན་མེད་དུ་བརྒྱལ་ཡོད་པས་རྫོང་གི་སྨན་ཁང་གིས་འཕྲལ་མར་སྨན་ཁང་གཞན་དུ་འགྲོ་དགོས་པའི་གྲོས་འགོ་བཏོན་པས། མཚན་བརྒྱབ་སྟེ་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་གྲོང་ཁྱེར་གྱི་མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་དུ་སོང་། སྨན་པས་ཀླུ་སྒྲུབ་ཚེ་རིང་ལ་ཀླད་ཁྲག་ཤོར་བའི་ནད་ཕོག་ཡོད་པས་མྱུར་དུ་གཤགས་བཅོས་བྱེད་དགོས་པར་བཤད། འདི་ལྟར་ཁོམ་ལོང་སྤུ་ཙམ་ཡང་མེད་པའི་ཀླུ་སྒྲུབ་ཚེ་རིང་གཞི་ནས་ནད་ཁྲིའི་སྟེང་དུ་བསྡད་ནས་ངལ་གསོ་ཙམ་བྱས།

སྨན་ཁང་དུ་བསྡད་པའི་ཉིན20ཙམ་གྱི་རིང་ལ། ཀླུ་སྒྲུ་ཚེ་རིང་གིས་སྨན་པར་སྨན་ཁང་ནས་ནམ་ཕྱིར་ལོག་ཆོག་གམ་ཞེས་ཐེངས་གང་མང་ཞིག་ལ་དྲིས་ཡོད་པ་རེད། ཁོ་བས་ཡང་ཡང་འདི་ལྟར་དྲིས་པས་སྨན་པས་ཀྱང་ཁོ་རང་སྨན་ཁང་ནས་ཕྱིར་འབུད་དུ་བཅུག་ལ། ཕྱིར་ལོག་རྗེས་ལས་ཀ་ལྕི་མོའི་རིགས་གཏན་ནས་ལས་མི་རུང་བའི་བླང་བྱ་བཏོན། སྨན་ཁང་ནས་ཕྱིར་ཕ་ཡུལ་དུ་ལོག་རྗེས། ཞང་གི་འགོ་ཁྲིད་དང་སྡེ་བའི་ལས་བྱེད་པ། སྡེ་མི་བཅས་ཚང་མས་ཁོ་ལ་ངལ་གསོ་ཡག་པོ་བྱེད་དགོས་པར་བཤད་མོད། ཁོས“སྡེ་བར་བྱ་བ་མང་བོ་ཡོད་པས་ང་འདི་ལྟར་འདུག་མི་བཟོད”ཅེས་བཤད།

“2011ལོར་སྡེ་མི་བསོད་ནམས་བཀྲ་ཤིས་སོགས་ཁྱིམ་ཚང་གསུམ་གྱི་རྒན་གསོའི་འགན་བཅོལ་དངུལ་དང་མཉམ་ལས་སྨན་བཅོས་དངུལ། 2012ལོར་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་བྱེད་པར་དཀའ་ངལ་ཡོད་པའི་ཁྱིམ་ཚང6ལ་སོ་སོར་སྒོར800ལྷག་དང་། 2013ལོར་དབུལ་ཕོངས་ཁྱིམ་ཚང་གི་དབང་བོ་སྐྱོན་ཅན་ཡིན་པའི་སྨན་བླ་སྐྱབས་སྨན་ཁང་དུ་སྟོན་པར་སྒོར5000 2014ལོ་དང2015ལོར་ཡང་དཀའ་ཁག་ཡོད་པའི་སློབ་མ་སྒྲོལ་མ་མཚོ་སོགས་སློབ་མ་གཉིས་ལ་སོ་སོར་སློབ་སྐྱོར་མ་དངུལ་སྒོར1600དང2300 2017ལོར་སྡེ་བའི་མཉམ་ལས་ཁང་ལ་སྒོར་ཁྲི5.3སོགས་རང་སྟེང་ནས་ཞལ་འདེབས་སུ་ཕུལ་ཏེ་རྩྭ་ར་མུའུ2000དང་གཟན་རྩྭ་ཏུན20ཉོས་ཡོད་པ་རེད། གཡུ་དཀར་འོམ་ལུང་ཞང་གི་ཞང་ཀྲང་གཞོན་པ་པིན་པདྨ་བྱམས་本瓦玛选ཀྱིས་བྱ་བའི་ཟིན་བྲིས་དེ“རྩིས་ཐོ”ཞིག་དང་འདྲ་ལ། “འདི་ནི་ང་ཞང་ཐོག་ཏུ་ཡོང་ནས་ལས་འགན་འཁུར་མ་ཐག་ཤེས་རྟོགས་བྱུང་བའི་དཔྱད་གཞི་ཆུང་ཆུང་ཞིག་ཡིན་ལ་ཚང་མ་མང་ཚོགས་ཀྱིས་ང་ལ་བཤད་པ་ཏག་ཏག་ཡིན་ཞིང་ཀླུ་སྒྲུབ་ཚེ་རིང་གིས་ད་དུང་འདི་ལས་མང་བའི་དོན་བཟང་གང་མང་ཞིག་སྒྲུབ་ཡོད”ཅེས་པིན་པདྨ་བྱམས་ཀྱིས་དེ་ལྟར་བཤད།

“ངས་ཁ་གསབ་ཅིག་རྒྱག 2012ལོར་འབྲོག་པའི་གཏན་སྡོད་ལས་གྲྭའི་རྣམ་གྲངས་ཀྱིས་ང་ཚོར་ཁང་བ་ལས་པ་དང་ན་ནིང་ཡང་ང་ཚོར་ཆུས་བཤལ་ཆོག་པའི་འཕྲོད་བསྟེན་གསང་སྤྱོད་ཁང་ལས་བྱུང་། ངེད་ཚང་གི་འཕྲོད་བསྟེན་གསང་སྤྱོད་ཁང་ལས་བྱེད་ཀྱི་མ་དངུལ་ཚང་མ་ཧྲུའུ་ཅིས་སྔོན་ལ་སྤྲད་པ་ཡིན”ཞེས་བཤད་སྐབས། འགྲམ་དུ་ཡོད་པའི་འབྲོག་པ་ཞིག་གིས“ང་ཚོའི་འཚོ་བ་ལེགས་སུ་ཕྱིན་ཡོད་ལ། ཧྲུའུ་ཅིའི་འདིའི་ཐད་དུ་རང་ནུས་གང་ཡོད་བཏོན་འདུག”ཟེར།

ཀླུ་སྒྲུབ་ཚེ་རིང་གིས་མཉམ་ལས་ཁང་དུ་གཞན་ལ་རོགས་རམ་བྱེད་བཞིན་པ། ཚེ་དབང་སྐྱིད་ཀྱིས་པར་བླངས།

ལོ་འདི་དག་གི་རིང་ལ། ཀླུ་སྒྲུབ་ཚེ་རིང་གིས་སྡེ་མི་ཚོའི་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་དུ་བསྐྱོད་པས་སྡེ་བའི་ཐུན་མོང་གི་དཔལ་འབྱོར་ཡང་ཟམ་མི་ཆད་པར་འཕེལ་རྒྱས་སྟོབས་ཆེར་ཕྱིན་ཡོད་པ་རེད། རྐང་ཚ་གོང་མ་སྡེ་བར་ཁྱོན་འབྲོག་ཁྱིམ542དང་མི1920ཡོད་ལ། བེད་སྤྱོད་བྱས་ཆོག་པའི་རྩྭ་ས་མུའུ་ཁྲི56.75ཡོད། མཉམ་ལས་ཁང་སོགས་ཐོན་ལས་ལ་བརྟེན་པས་ན་ནིང་ཁོ་ནར་སྡེ་བའི་ཐུན་མོང་གི་ཡོང་འབབ་སྒོར་ཁྲི53ལ་སླེབས་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི1ལྷག་ཙམ་ཟིན་ཡོད་པ་རེད། སྡེ་བ་དེའི་ཏང་ཀྲི་པུའུ་གོང་རིམ་ཏང་ཨུས་ཐེངས་མང་བོར་སྔོན་ཐོན་ཏང་ཀྲི་པུའུ་རུ་བདམས་པ་དང་མི་སྒེར་ལའང་སྔོན་ཐོན་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་གཟི་བརྗིད་མཚན་སྙན་ཐེངས་མང་ཐོབ་ཡོད།

ཀླུ་སྒྲུབ་ཚེ་རིང་གིས“ད་ལྟ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། སྡེ་བའི་ལས་བྱེད་པ་ཞིག་གི་ངོས་ནས་སྲིད་ཇུས་དོན་འཁྱོལ་གང་ལེགས་བྱ་རྒྱུ་དེ་འོས་འགན་ཞིག་ཡིན་པས་སྡེ་མིའི་བྱ་བ་དེ་རང་ཉིད་ཀྱི་བྱ་བར་བརྩིས་ནས་སྒྲུབ་དགོས་ལ། མ་འོངས་པའི་ལོ་ཟླའི་ནང་དུའང་ངས་ཐོག་མཐའ་བར་གསུམ་དུ་བྱ་བ་འདི་དག་ནན་སྒྲུབ་བྱ་དགོས་པ་དང་། ཚང་མས་མཉམ་དུ་བདེ་སྐྱིད་ཀྱི་འཚོ་བའི་དཔལ་ལ་རོལ་ཚེ་གཞི་ནས་ལུས་སེམས་བདེ་ལ་འབབ་ཐུབ”ཅེས་བཤད།