ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ད་ལོའི་ཟླ་བཞི་བའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཕྱོགས་ཀྱི་ངལ་རྩོལ་པ་མི་ཐེངས་འབུམ་བཞི་དང་ཁྲི་བདུན་ལྷག་ལས་ཀར་ཞུགས་ཏེ། ལོ་ཧྲིལ་བོའི་དམིགས་འབེན་དང་ལས་འགན་གྱི་མི་ཐེངས་ས་ཡ་གཅིག་དང་ཁྲི་ལྔ་ཡི་བརྒྱ་ཆའི་ཞེ་བཞི་ལྷག་ཡོངས་འགྲུབ་བྱས་པ་དང་། དེ་ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅུ་དྲུག་ལྷག་འཕར་སྣོན་བྱུང་།
ད་ནིང་གི་ཚུན་ལ། རང་ཞིང་གི་ངལ་རྩོལ་པ་ལྷག་མ་སྔར་ལས་མང་པོ་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཞུགས་སྡེ་ཁག་གིས་ཧུར་ཐག་དང་རང་འགུལ་སྒོས་འགུལ་སྐྱོད་སྤེལ་ཞིང་བྱེད་ཐབས་སྣ་ཚོགས་བཀོལ་བ་དང་། ཏན་ཏན་ཏིག་ཏིག་སྒོས་རོང་འབྲོག་ཕྱོགས་ཀྱི་ངལ་རྩོལ་པ་ལས་ཞུགས་བྱེད་པར་སྐུལ་འདེད་བཏང་བར་མ་ཟད། ཞིང་ཆེན་སྲིད་གཞུང་གི་ཉིན་བརྒྱའི་མཁྲེགས་གཏོར་གྱི་འགུལ་སྐྱོད་ཇུས་ཆོད་དང་བཀོད་སྒྲིག་ལག་བསྟར་བྱས་པ་དང་། རྒྱུན་མཐུད་སྒོས་ལས་ཞུགས་རོགས་སྐྱོར་ཟླ་བ་དང་དཔྱིད་རླུང་འགུལ་སྐྱོད་སོགས་ཀྱི་ཆེད་དོན་བྱ་འགུལ་སྤེལ། མིག་སྔའི་བར། ཞིང་ཆེན་ཡོངས་སུ་བསྡོམས་པས་རིགས་མི་འདྲ་བའི་ལས་ཞུགས་གདན་ཞུའི་བྱ་འགུལ་ཐེངས་བརྒྱ་དང་སོ་དྲུག་སྤེལ་ཏེ། ཁེ་ལས་སྟོང་གཉིས་དང་དྲུག་བརྒྱ་ལྷག་རྩ་འཛུགས་བྱས་ནས་ལས་ཞུགས་གདན་ཞུ་བྱེད་དུ་བཅུག་པ་དང་། ལས་ཞུགས་གདན་ཞུའི་ལས་གནས་ཁྲི་དགུ་དང་སྟོང་ལྔ་འདོན་སྤྲོད་བྱས་ཤིང་། མི་ཁྲི་གཅིག་དང་སྟོང་བཞི་ལ་ལས་ཞུགས་གྲོས་མཐུན་བཀོད།
བཀྲ་ཤིས་འབུམ་གྱིས་བསྒྱུར།