མཚོ་སྔོན་ས་འགུལ་བརྟག་དཔྱད་དྲ་བས་ཚད་ལེན་བྱས་པ་ལྟར་ན། ཉིས་སྟོང་ཉེར་གཅིག་ལོའི་ཟླ་ལྔ་པའི་ཚེས་ཉེར་གཉིས་ཉིན་གྱི་དུས་ཚོད་གཉིས་དང་སྐར་མ་བཞིའི་སྟེང་མགོ་ལོག་ཁུལ་རྨ་སྟོད་རྫོང་དུ་ཚད་རིམ་བདུན་དང་གྲངས་ཆུང་བཞིའི་ས་འགུལ་བྱུང་། ས་འགུལ་འབྱུང་སའི་གཏིང་ཚད་ལ་སྤྱི་ལེ་བཅུ་བདུན་ཡོད། འབྲེལ་ཡོད་གནས་ཚུལ་གཤམ་ལྟར།
གཅིག གཞི་རྩའི་གནས་ཚུལ།
ཐེངས་འདིའི་ས་འགུལ་བྱུང་སའི་ལྟེ་གནས་ནི་རྨ་ཆུ་ཡུལ་ཚོ་དང་བར་ཐག་སྤྱི་ལེ་བདུན་དང་། རྨ་སྟོད་རྫོང་མཁར་དང་བར་ཐག་སྤྱི་ལེ་སོ་བརྒྱད། མགོ་ལོག་ཁུལ་སྲིད་གཞུང་ཆགས་ས་དང་བར་ཐག་སྤྱི་ལེ་བརྒྱ་དང་དོན་ལྔ། ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་སུམ་བརྒྱ་དང་གྱ་ལྔ་ཡོད།
གཉིས། ས་འགུལ་གྱི་གནས་ཚུལ་དང་གནོད་འཚེའི་གནས་ཚུལ།
ཐོག་མར་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ས་འགུལ་འབྱུང་སྐབས། ཞིང་ཆེན་ཡོངས་སུ་ཡོངས་ཁྱབ་ཏུ་ས་འགུལ་གྱི་ཚོར་སྣང་བྱུང་བ་དང་། ཟི་ལིང་དུ་ཡང་ས་འགུལ་གྱི་ཚོར་སྣང་ཆེ། མགོ་ལོག་ཁུལ་ས་འགུལ་ཅུའུ་ཡིས་རྒྱུས་ལོན་བྱུང་བ་ལྟར་ན། རྨ་སྟོད་རྫོང་མཁར་དང་། མཛོ་རྒན་རྭ་བར། རྨ་ཆུ་ཡུལ་ཚོ་བཅས་སུ་ས་འགུལ་གྱི་ཚོར་སྣང་དྲག་པོ་བྱུང་བ་དང་། གྱང་ར་ཁ་ཤས་ལོག་ན་ཡང་། གནས་སྐབས་སུ་མི་ལ་ཤི་རྨས་ཐེབས་པའི་གནས་ཚུལ་འབྱོར་མེད། གནས་ཚུལ་གཞན་དག་ལ་རྒྱུས་ལོན་བྱེད་བཞིན་པའི་སྒང་ཡིན།
དུས་ཚོད་བཞི་དང་སྐར་མ་ཞེ་ལྔའི་བར་དུ། བསྡོམས་པས་ཡང་བསྐྱར་ས་འགུལ་ཐེངས་བརྒྱ་དང་བཞི་བྱུང་བ་དང་། དེའི་ནང་ཚད་རིམ་གསུམ་ཡན་གྱི་ས་འགུལ་ཐེངས་བཞི་བཅུ་ལ་བྱུང་བ་དང་། ཚད་རིམ་བཞིའི་ཡན་གྱི་ས་འགུལ་ཐེངས་བཞི་ལ་བྱུང་ཞིང་། ས་འགུལ་ཆེས་ཆེན་པོ་ཚད་རིམ་བཞི་དང་གྲངས་ཆུང་དྲུག་རེད།
གསུམ། འཕྲལ་བསྟུན་བྱེད་ཐབས།
ས་འགུལ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་ས་འགུལ་ཅུའུ་ཡིས་མྱུར་དུ་ས་འགུལ་འཕྲལ་བསྟུན་བྱེད་ཐབས་སྤྱད་པ་དང་། ཟི་ལིང་དུ་ཡོད་པའི་ལས་དོན་པ་ཡོངས་ལས་གནས་སྟེང་ཐོན་ནས་གཤམ་གྱི་བྱ་བ་དག་བསྒྲུབས་ཡོད།
གཅིག་ནས་དུས་ཚོད་སྐར་མ་གསུམ་གྱི་ནང་ཐེངས་འདིའི་ས་འགུལ་གྱི་རྒྱུ་རྐྱེན་གསུམ་ངོས་འཛིན་བྱས་པར་མ་ཟད། འཕྲལ་བསྟུན་དོ་དམ་པུའུ་དང་ཀྲུང་གོ་ས་འགུལ་ཅུའུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ལ་མྱུར་དུ་ཡར་ཞུ་བྱས་པར་མ་ཟད། འཕྲལ་བསྟུན་མྱུར་སྐྱོབ་དང་འབྲེལ་བ་ཡོད་པའི་སྡེ་ཁག་དང་ལས་ཁུངས་སོ་སོར་བསྐྱལ།
གཉིས་ནས་མྱུར་དུ་ས་འགུལ་འཕྲལ་བསྟུན་བཀོད་འདོམས་ལག་རྩལ་མ་ལག་དང་གནོད་འཚེ་མྱུར་ཞུ་སྟེགས་བུ་བཀོལ་སྤྱོད་བྱེད་འགོ་བརྩམས་ཏེ། གནོད་འཚེའི་གནས་ཚུལ་དང་ས་འགུལ་གྱི་གནས་ཚུལ། སྤྱི་ཚོགས་ཀྱི་གནས་ཚུལ་བཅས་ལ་མྱུར་དུ་རྒྱུས་ལོན་བྱས་པར་མ་ཟད། ས་འགུལ་བསྡུས་འཕྲིན་བྲིས་ཏེ་ཀྲུང་གོ་ས་འགུལ་ཅུའུ་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ལ་ཡར་ཞུ་བྱས།
གསུམ་ནས་ས་འགུལ་བྱུང་སའི་མགོ་ལོག་ཁུལ་ས་འགུལ་ཅུའུ་ལ་མྱུར་དུ་བརྡ་བཏང་ནས་ས་འགུལ་བྱུང་སར་གནས་ཚུལ་ལ་རྒྱུས་ལོན་བྱེད་པར་འགྲོ་རུ་བཅུག
བཞི་ནས་ཞིང་ཆེན་ས་འགུལ་ཅུའུ་ཡུལ་དངོས་བྱ་བའི་རུ་ཁག་གིས་རྨ་སྟོད་རྫོང་ཡོམ་འགོག་རྒུད་སྐྱོབ་གནས་སྐབས་ཏང་ཀྲི་པུའུ་བཙུགས་པ་དང་། ཅུའུ་ཀྲང་གཞོན་པ་ཝང་ཧེ་གུང་གིས་སྣེ་ཁྲིད་ཅིང་མི་བཅུ་དྲུག་གིས་གྲུབ་པའི་ཡུལ་དངོས་བྱ་བའི་རུ་ཁག་མངགས། རླངས་འཁོར་བཞི་དང་འགུལ་སྐྱོད་ལྟ་ཞིབ་ཚད་ལེན་སྒྲིག་ཆས་ཆ་ཚང་དྲུག་གིས་ས་འགུལ་བྱུང་ས་རུ་འབྲེལ་ཡོད་བྱ་བ་སྒྲུབ་བཞིན་ཡོད།
ལྔ་ནས་མྱུར་དུ་ས་འགུལ་གནས་ཚུལ་གྱི་འཕྲལ་བསྟུན་གྲོས་མོལ་ཚོགས་འདུ་བསྡུས་ཏེ། ས་འགུལ་གྱི་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱས།
མིག་སྔའི་བར་དུ་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཐེབས་པའི་གནས་ཚུལ་ད་དུང་འབྱོར་མེད།
བཞི། གནས་ཚུལ་གཞན་པ།
ཆེད་མཁས་པས་མྱུར་དུ་གྲོས་མོལ་བྱས་ཏེ། ཕྱོགས་བསྡུས་བརྡར་གཅོད་བྱས་པ་ལྟར་ན། ཐེངས་འདིའི་ས་འགུལ་གཙོ་བོ་དེ་བྱུང་རྗེས། རྗེས་སུ་ས་འགུལ་བྱུང་ཚད་ཚད་རིམ་དྲུག་ཡས་མས་ཡིན་ལ། དེས་ཟི་ལིང་དང་མཚོ་ཤར། མཚོ་ལྷོ། རྨ་ལྷོ་སོགས་ས་ཆའི་བྱ་བ་དང་ཡང་ན་འཚོ་བར་གནོད་པ་ཆེན་པོ་བཟོ་མི་སྲིད་པས། རྒྱ་ཆེའི་སྡོད་དམངས་ཀྱིས་རྒྱུན་ལྡན་ལྟར་བྱ་བ་སྒྲུབ་པ་དང་འཚོ་བ་རོལ་ཆོག མིག་སྔར། དྲ་ཐོག་ཏུ་ཐེངས་འདིའི་ས་འགུལ་སྐོར་ནས་དབྱེ་ཞིབ་དང་བརྡར་གཅོད་སྣ་མང་ཐོན་ཡོད་མོད། གཞུང་ཕྱོགས་ཀྱིས་མ་བསྒྲགས་པའི་གནས་ཚུལ་གྱི་རིགས་ཚང་མ་དཀྲོག་གཏམ་ཡིན།
ཕྱུག་ལོས་བསྒྱུར།