རྨ་སྟོད་རྫོང་དུ་ས་འགུལ་བྱུང་བས་འཕྲལ་བསྟུན་དོ་དམ་པུའུ་ཡིས་མཚོ་སྔོན་དུ་ཉེན་སེལ་རྒུད་སྐྱོབ་བྱ་བའི་རུ་ཁག་མངགས།
2021.05.22 ཁུངས། ཀློག་གྲངས། 950

ཀྲུང་གོ་ས་འགུལ་བརྟག་དཔྱད་ཅུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ་ལྔ་པའི་ཚེས་ཉེར་གཉིས་ཉིན་གྱི་དུས་ཚོད་གཉིས་དང་སྐར་མ་བཞིའི་སྟེང་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ཚད་རིམ་བདུན་དང་གྲངས་ཆུང་བཞིའི་ས་འགུལ་བྱུང་པ་དང་། ས་འགུལ་བྱུང་བའི་གཏིང་ཚད་ལ་སྤྱི་ལེ་བཅུ་བདུན་ཡོད། ས་འགུལ་བྱུང་སའི་ས་ངོས་མཐོ་ཚད་མཚོ་ངོས་ལས་རྨིད་བཞི་སྟོང་ཉིས་བརྒྱ་སུམ་ཅུ་ཡིན་པ་དང་། མི་སྣ་འདུས་སྡོད་བྱས་པ་ཉུང་པའི་ས་ཆ་རེད། ཐེངས་འདིའི་ས་འགུལ་བྱུང་ཡུལ་གཙོ་བོ་འབྲོག་ཁུལ་རེད། ས་དེའི་ཁང་པ་དག་ཤིང་དང་སོ་ཕག་གིས་གྲུབ་ལ་ཅུང་ཁ་ཐོར་གྱི་རྣམ་པར་གནས་འདུག་པས། སྡོད་ཁང་ཉུང་ཤས་ལ་གཏོར་བརླག་ཐེབས་ཡོད། གནོད་ཐེབས་ཡུལ་དངོས་ལ་ད་དུང་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན། 

ས་འགུལ་བྱུང་རྗེས་སུ། འཕྲལ་བསྟུན་དོ་དམ་པུའུ་ཡིས་མྱུར་དུ་རིམ་པ་གཉིས་པའི་ས་འགུལ་ཉེན་ཁའི་བརྡ་ལན་བྱིན་པ་དང་། པུའུ་ཏང་ཨུའི་ཧྲུའུ་ཅི་དང་། པུའུ་ཀྲང་ཧོང་མེན་དང་ཡན་ལག་པུའུ་ཡི་འགོ་ཁྲིད་མྱུར་བ་མྱུར་དུ་བཀོད་འདོམས་ལྟེ་གནས་སུ་ཕྱིན་ནས། ཀྲུང་གོ་ས་འགུལ་ཅུའུ་དང་ས་འགུལ་བརྟག་དཔྱད་དྲ་བ། མཚོ་སྔོན་འཕྲལ་བསྟུན་དོ་དམ་ཐིན། ཉེན་སེལ་རྒུད་སྐྱོབ་རུ་ཁག་བཅས་ལ་བརྙན་རིས་སྦྲེལ་ཏེ། ས་འགུལ་གྱི་གནས་ཚུལ་ལ་སྔར་ལས་གཏིང་ཟབ་པའི་སྒོ་ནས་རྒྱུས་ལོན་བྱས་ཤིང་། ཉེན་སེལ་རྒུད་སྐྱོབ་ཀྱི་མངག་གཏོང་ལ་མཛུབ་སྟོན་དང་ཉེན་འགོག་གནོད་སྐྱོབ་བྱ་བར་བཀོད་སྒྲིག་བྱས། འཕྲལ་བསྟུན་དོ་དམ་པུའུ་དང་། ཀྲུང་གོ་ས་འགུལ་ཅུའུ་སོགས་ཀྱིས་མཚན་བརྒྱབ་ནས་བྱ་བའི་རུ་ཁག་མཚོ་སྔོན་ལ་མངགས་ཏེ་ས་གནས་ཉེན་འགོག་རྒུད་སྐྱོབ་ཀྱི་བྱ་བར་རོགས་འདེགས་བྱས།

ས་གནས་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་འོག ཉེན་སེལ་རུ་ཁག་གི་རླངས་འཁོར་སོ་དགུ་སྟེ་མི་སྣ་བརྒྱ་དང་གྱ་བཞི་ས་འགུལ་བྱུང་སར་བསྐྱོད་པ་དང་། ཉེ་འདབས་ཀྱི་ཉེན་སེལ་རུ་དཔུང་བསྡུས་ཏེ་ཉེན་འགོག་ཉེན་སེལ་བྱ་བར་གྲ་སྒྲིག་བྱས།

ཟླ་ལྔ་པའི་ཚེས་ཉེར་གཅིག་ཉིན་གྱི་དུས་ཚོད་ཉེར་གཅིག་དང་སྐར་མ་ཞེ་བརྒྱད་སྟེང་ཡུན་ནན་ཏ་ལི་ཁུལ་དབྱང་པི་རྫོང་དུ་ཚད་རིམ་དྲུག་དང་གྲངས་ཆུང་བཞི་ཡི་ས་འགུལ་བྱུང་བ་དང་། ཚེས་ཉེར་གཉིས་ཉིན་གྱི་དུས་ཚོད་གསུམ་བར་དུ། གནས་ཚུལ་འབྱོར་བ་ལྟར་ན་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་གཉིས་ལ་རྨས་ཕོག འཕྲལ་བསྟུན་དོ་དམ་པུའུ་དང་ཀྲུང་གོ་ས་འགུལ་ཅུའུ་ཡིས་བྱ་བའི་ཚན་ཆུང་ཡུན་ནན་དུ་སོང་ནས་ས་གནས་སུ་འཛུབ་སྟོན་རོགས་རེས་བྱས་ཏེ་ཉེན་འགོག་ཉེན་སེལ་བྱ་བར་གྲ་སྒྲིག་བྱས།

སྐལ་བཟང་རྣམ་རྒྱལ་དང་མི་ཕམ་མགོན་པོས་བསྒྱུར། 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།