ཀྲུང་གོ་ས་འགུལ་བརྟག་དཔྱད་དྲ་བས་དངོས་སུ་ཚད་ལེན་བྱས་པ་ལྟར་ན། ཟླ་ལྔ་པའི་ཚེས་ཉེར་གཉིས་ཉིན་གྱི་དུས་ཚོད་གཉིས་དང་སྐར་མ་བཞིའི་སྟེང་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ཚད་རིམ་བདུན་དང་གྲངས་ཆུང་བཞིའི་ས་འགུལ་བྱུང་། ས་འགུལ་འབྱུང་སའི་གཏིང་ཚད་ལ་སྤྱི་ལེ་བཅུ་བདུན་ཡོད་པ་དང་། ས་འགུལ་འབྱུང་སའི་ལྟེ་བ་ནི་བྱང་གི་འཕྲེད་ཐིག་ཏུའུ་སོ་བཞི་དང་གྲངས་ཆུང་ང་དགུ་དང་། ཤར་གྱི་གཞུང་ཐིག་ཏུའུ་གོ་བརྒྱད་དང་གྲངས་ཆུང་གསུམ་བཞི་ཡིན།
འཁོར་སྐྱོད་མི་གྲངས་ཀྱི་གཞི་གྲངས་ཆེན་མོས་དབྱེ་ཞིབ་བྱས་པ་ལྟར་ན། ས་འགུལ་བྱུང་སའི་སྤྱི་ལེ་ལྔ་བཅུའི་ཁྱབ་ཁོངས་སུ་མི་གྲངས་ཧ་ཅང་ཉུང་བ་དང་། སྤྱི་ལེ་བརྒྱའི་ཁྱབ་ཁོངས་སུ་ཕལ་ཆེར་མི་བརྒྱ་དང་བཞི་བཅུ་མ་གཏོགས་མེད།
ས་འགུལ་བྱུང་སའི་སྤྱི་ལེ་ལྔ་ཡི་ཁྱབ་ཁོངས་ཀྱི་མཚོ་ངོས་ལས་མཐོ་ཚད་ལ་རྨིད་སྟོང་བཞི་དང་ཉིས་བརྒྱ་སུམ་ཅུ་ཡོད།
ཐེངས་འདིའི་ས་འགུལ་བྱུང་སའི་མཐའ་འཁོར་གྱི་སྤྱི་ལེ་ལྔའི་མཚམས་སུ་སྡེ་བ་རྨ་ཆུ་སྡེ་བ་མ་གཏོགས་མེད་ལ། སྤྱི་ལེ་ཉི་ཤུའི་མཚམས་སུ་ཡུལ་ཚོ་དང་གྲོང་རྡལ་ལ་རྨ་ཆུ་ཡུལ་ཚོ་མ་གཏོགས་མེད།
ཐེངས་འདིའི་ས་འགུལ་བྱུང་སའི་ལྟེ་གནས་ནི་རྨ་སྟོད་རྫོང་མཁར་དང་བར་ཐག་སྤྱི་ལེ་སོ་བརྒྱད་ཡོད་པ་དང་། དར་ལག་རྫོང་མཁར་དང་བར་ཐག་སྤྱི་ལེ་བརྒྱ་དང་ང་གསུམ་ཡོད་ལ། དགའ་བདེ་རྫོང་མཁར་དང་བར་ཐག་སྤྱི་ལེ་བརྒྱ་དང་ང་དགུ་ཡོད་པ་དང་། རྨ་ཆེན་རྫོང་དང་བར་ཐག་སྤྱི་ལེ་བརྒྱ་དང་དོན་ལྔ་ཡོད་པ་དང་། ཁྲི་འདུ་རྫོང་དང་བར་ཐག་སྤྱི་ལེ་བརྒྱ་དང་དོན་བདུན་ཡོད་ལ། མགོ་ལོག་ཁུལ་སྲིད་གཞུང་ཆགས་ས་དང་བར་ཐག་སྤྱི་ལེ་བརྒྱ་དང་དོན་ལྔ་ཡོད་པ་དང་། ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་སུམ་བརྒྱ་དང་གྱ་ལྔ་ཡོད།
རྨ་སྟོད་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། རྫོང་མཁར་དུ་གནས་སྐབས་སུ་ཁང་པ་བརྡིབས་མེད་པ་དང་། མིག་སྔར་སྒྲིག་ལམ་ཡང་རྒྱུན་ལྡན་ཡིན་ལ། རྒུད་སྐྱོབ་བྱ་བ་བྲེལ་འཚུབ་ཆེ་ཞིང་གོ་རིམ་ལྡན་པར་སྤེལ་བཞིན་ཡོད་པ་དང་། གནས་ཚུལ་ཞིབ་ཅིང་ཕྲ་བ་ད་དུང་ཞིབ་བཤེར་ར་སྤྲོད་བྱེད་བཞིན་པའི་སྒང་ཡིན།
གཞན་ཡང་ཀྲུང་གོ་ཉེན་སེལ་གྱིས་བསྒྲགས་པ་ལྟར་ན། ཉིས་སྟོང་ཉེར་གཅིག་ལོའི་ཟླ་ལྔ་པའི་ཚེས་ཉེར་གཉིས་ཉིན་གྱི་དུས་ཚོད་གསུམ་དང་སྐར་མ་བཅོ་ལྔའི་བར་དུ། མཚོ་སྔོན་ཉེན་སེལ་རྒུད་སྐྱོབ་སྤྱིའི་རུ་ཁག་གིས་བསྡོམས་པས་རྒུད་སྐྱོབ་རུ་ཁག་ཆེན་པོ་བཞི་དང་རྒུད་སྐྱོབ་རུ་ཁག་ཆུང་བ་དྲུག ཉེན་སེལ་རླངས་འཁོར་བརྒྱ་དང་རེ་དགུ། བཀོད་འཐབ་པ་བདུན་བརྒྱ་དང་དོན་ལྔ་བསྡུ་རུབ་བྱས་པ་དང་། ཚེ་སྲོག་བརྟག་ཆས་དང་བཤིག་གཏོར་ལྗིད་འདེགས། འགོག་སྲུང་དོགས་ཟོན། གཙང་བཀྲུ་དུག་སེལ་སོགས་ཀྱི་སྒྲིག་ཆས་ཁྲི་གཉིས་དང་སྟོང་བརྒྱད་བཅུ་དགུ་ས་འགུལ་བྱུང་སར་བསྐྱལ།
ཕྱུག་ལོས་བསྒྱུར།