རྨ་སྟོད་རྫོང་ནི་མགོ་ལོག་བོད་རང་སྐྱོང་ཁུལ་གྱི་ནུབ་བྱང་ཁུལ་དུ་ཡོད་པ་དང་། ས་ཁམས་ཀྱི་གནས་ཚད་བྱང་གི་འཕྲེད་ཐིག33°50~35°40′ཡིན་པ་དང་། ཤར་གྱི་འཕྲེད་ཐིག96°50′~99°20ཡིན་ལ། བྱང་ནི་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཏུའུ་ལན་རྫོང་དང་འབྲེལ་ཡོད་པ་དང་། ཤར་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དང་མགོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དང་མུ་འབྲེལ་ཡོད་ཅིང་། ལྷོ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་དང་སི་ཁྲོན་ཞིང་ཆེན་སེར་ཤུལ་རྫོང་དང་འདབས་འབྲེལ་ཡོད་ལ། ནུབ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་དམར་ལེབ་རྫོང་ལ་རྒྱབ་གཏད་ཡོད། ལྷོ་བྱང་གི་ཚད་སྤྱི་ལེ་ཉིས་བརྒྱ་དང་བདུན་ཙམ་ཡིན་པ་དང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ་ཉིས་བརྒྱ་དང་ཉེར་བརྒྱད་ཡིན་པ་རེད། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་གཉིས་དང་སྟོང་ལྔ་ཉིས་བརྒྱ་ང་གསུམ་ཡོད་པ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱི་བརྒྱ་ཆའི་ཉི་ཤུ་གྲངས་ཆུང་བརྒྱད་ཟིན་ཡོད་ལ། མཚོ་སྔོན་ཞིང་ཆེན་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་གསུམ་དང་གྲངས་ཆུང་ལྔ་ཟིན་ཡོད།
རྨ་སྟོད་རྫོང་ནི་མཐོ་སྒང་གི་བདེ་ཐང་ས་ཁུལ་དུ་གཏོགས་པ་དང་། ས་གཤིས་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་གསེག་ཡོད། ས་མགོའི་མཐོ་ཚད་མུས་སྟོང་བཞི་དང་ལྔ་བརྒྱ་ནས་སྟོང་ལྔ་བར་ཡིན་ཞིང་། སའི་དབྱིབས་ངོས་མཉམ་པ་རེད། མཐོ་སྒང་གི་གྲང་ངར་ཆེ་བའི་ནམ་ཟླའི་ཁོངས་སུ་གཏོགས་པས། དགུན་ཁ་རིང་ཞིང་གྲང་ངར་ཆེ་བ་དང་། སྐམ་ཤད་ཆེ་ཤིང་རླུང་ཆེ་བ་རེད། དབྱར་ཁ་ཐུང་ཞིང་དྲོད་འཇམ་ཡིན་ལ། ཆར་མང་བ་དང་། ལོ་རེའི་ཆ་སྙོམས་དྲོད་གྲང་-4.1℃ཡིན་པ་རེད། ཟླ་ལྔ་བ་ནས་ཟླ་དགུ་བའི་བར་ཕུད་ན། ཟླ་རེ་རེའི་ཆ་སྙོམས་དྲོད་གྲང་-3.0℃མན་ཡིན་པ་དང་། ཆེས་འཁྱག་པའི་སྐབས་ཀྱི་ཟླ་དང་པོའི་དྲོད་གྲང་-16.8℃ཡིན་པས། མཚོ་སྔོན་ཞིང་ཆེན་གྱི་ཉིན་མོའི་དྲོད་གྲང་ཆེས་དམའ་བའི་ས་ཁུལ་ཞིག་རེད།
རྨ་སྟོད་ལ་བོད་སྐད་ཀྱིས་རྨ་ཆུའི་མགོ་ཁུངས་ཟེར་བ་དང་། སྤྱི་ལོ1957ལོའི་ཟླ12པར་སྲིད་དབང་བཙུགས། ད་ལྟ་དེའི་ཁོངས་གཏོགས་སུ་ཡུལ་ཚོ་གཉིས་དང་གྲོང་རྡལ་གཉིས་ཡོད་ལ། སྲིད་འཛིན་སྡེ་བ་སུམ་ཅུ་དང་སྡོད་དམངས་འདུས་སྡོད་ཨུ་ཡོན་ལྷན་ཁང་གཉིས་ཡོད་ཅིང་། རྫོང་ཡོངས་སུ་སྤྱིའི་མི་གྲངས་ཁྲི་གཅིག་དང་སྟོང་བཞི་བཞི་བརྒྱ་ཡོད་པ་དང་། མི་གྲངས་ཀྱི་ཁྱབ་ཚད་ཐད་ནས་སྤྱི་ལེ་གྲུ་བཞི་མ་གཉིས་ཀྱི་སྟེང་མི་གཅིག་རེ་འཚོ་སྡོད་བྱས་ཆོག་པས། ཞིང་ཆེན་ཡོངས་ཀྱི་མི་གྲངས་ཆེས་ཉུང་བའི་རྫོང་ཞིག་ཡིན་ལ། བོད་རིགས་གཙོ་བོར་འཚོ་སྡོད་བྱས་པ་དང་། བོད་རིགས་ཀྱིས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་དགུ་བཅུ་ཡན་ཟིན་ཡོད།
རྨ་སྟོད་རྫོང་གི་སྐྱེ་ཁམས་གནས་བབ་ཧ་ཅང་གལ་ཆེན་ཡིན་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དཀྱིལ་སྙིང་དུ་གནས་ཡོད་པས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པར་མ་ཟད། རྨ་ཆུའི་དབུས་སྨད་རྒྱུད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྐྱེ་ཁམས་བྱེད་ནུས་དོ་མཉམ་ཁུལ་གལ་ཆེན་ཞིག་ཀྱང་རེད། རྫོང་ཡོངས་སུ་བསྡོམས་པས་མཚེའུ་ཆེ་ཆུང་སྟོང་བཞི་དང་བདུན་བཅུ་དོན་བདུན་ཡོད་ཅིང་། “རྨ་ཆུའི་འབྱུང་ཁུངས”དང་། “ཆུ་མོ་སྟོང་གི་རྫོང་།” “ཀྲུང་ཧྭའི་ཆུ་མཛོད”ཞེས་པའི་མཚན་སྙན་ཡག་པོ་ཐོབ་ཡོད། 2005ལོར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས《བརླན་སའི་སྤྱི་ཆིངས》དེ་རྒྱལ་སྤྱིའི་བརླན་སའི་མིང་ཐོ་གལ་ཆེན་ནང་བཞག་ཡོད།
རྨ་སྟོད་ནི་ཀྲུང་གོའི་གེ་སར་རིག་གནས་ཀྱི་འབྱུང་ཁུངས་ཡིན་པ་དང་། བཤད་སྲོལ་ལྟར་ན། གེ་སར་ལོ་བཅུ་གཉིས་ཀྱི་སྐབས་སུ་རྟ་རྒྱུགས་རྒྱལ་འཇོག་བྱས་ནས་རྒྱལ་བོར་བསྡད་པ་མ་ཟད། ས་གནས་དེ་གའི་སྐུ་དྲག་སྐྱ་ལོ་ཡི་སྲས་མོ་འབྲུག་མོ་བཙུན་མོར་བསུས་ནས་མཛེས་སྡུག་ལྡན་པའི་ངག་རྒྱུན་མང་པོ་ཞིག་བསྐྱུར་ཡོད། ད་ལྟ་ཡང་གེ་སར་གྱི་རྟ་རྒྱུགས་རྒྱལ་འཇོག་གི་ལོ་རྒྱུས་ཀྱི་ཤུལ་བཞག་སྔར་བཞིན་མཐོང་རྒྱུ་ཡོད་པ་རེད། བོད་རྒྱལ་སྲོང་བཙན་སྒམ་པོས་མཚོ་སྔོ་རེངས་ཀྱི་འགྲམ་དུ་རྒྱ་བཟའ་ཀོང་ཇོ་བཙུན་མོར་བསུ་སྐབས“ཕེབས་བསུ་ཐང”ཞེས་པའི་མིང་ཐོགས་པ་དང་། དེ་ལས་རྒྱ་བོད་གཉིས་ཀྱི་གཉེན་ཉེའི་འབྲེལ་བ་དང་མི་རིགས་མཐུན་སྒྲིལ་གྱི་ལོ་ངོ་སྟོང་ཕྲག་རིང་གི་མཛེས་པའི་ངག་རྒྱུན་ཞིག་བསྐྱུར་ཡོད།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།