ཞིང་ཆེན་རྒྱ་གྲམ་དམར་པོའི་ཚོགས་པས་བསྟུད་མར་རྨ་སྟོད་གནོད་ཁུལ་དུ་དངོས་ཟོག་བསྐྱལ།
2021.05.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་རྒྱ་གྲམ་དམར་པོའི་ཚོགས་པས་ནུས་ཤུགས་ཡོད་རྒུས་རྨ་སྟོད་ས་འགུལ་གནོད་ཁུལ་གྱི་གནོད་འགོག་བྱ་བའི་ཁྲོད་ཞུགས་པ་དང་། མིག་སྔར་ཞིང་ཆེན་རྒྱ་གྲམ་དམར་པོའི་ཚོགས་པས་བསྟུད་མར་རྨ་སྟོད་ས་འགུལ་གནོད་ཁུལ་དུ་དངོས་ཟོག་བསྐྱལ།

ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོའི་བཞིའི་སྟེང་ཞིང་ཆེན་རྒྱ་གྲམ་དམར་པོའི་ཚོགས་པས་རིན་གོང་སྒོར་ས་ཡ་གཅིག་དང་ཁྲི་བརྒྱད་ཀྱི་དངོས་ཟོག་གི་རྨང་གཞིའི་སྟེང་རིན་གོང་སྒོར་ས་ཡ་གཅིག་དང་འབུམ་བཞི་ཁྲི་ལྔ་དང་སྟོང་གཅིག་གི་སྦྲ་གུར་ལྔ་བརྒྱ་དང་ཉལ་ཁྲི་ལྔ་བརྒྱ། ཉལ་སྟན་ལྔ་བརྒྱ་སོགས་གནོད་སྐྱོབ་དངོས་རྫས་ཁག་གཉིས་པ་མཚན་རྒྱབ་ནས་གནོད་ཁུལ་དུ་བསྐྱལ། ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་གི་སྟེང་ཞིང་ཆེན་རྒྱ་གྲམ་དམར་པོའི་ཚོགས་པའི་གནོད་འགོག་རྒུད་སྐྱོབ་དངོས་རྫས་ཁག་གསུམ་པ་ཟི་ལིང་ནས་ལམ་ལ་ཆས་ཏེ་གང་མྱུར་སྒོས་རྨ་སྟོད་གནོད་ཁུལ་ལ་བསྐྱལ།

ཚེས་ཉེར་གསུམ་ཉིན་གྱི་ཞོགས་པའི་དུས་ཚོད་བདུན་སྟེང་། ཞིང་ཆེན་རྒྱ་གྲམ་དམར་པོའི་ཚོགས་པའི་གནོད་འགོག་རྒུད་སྐྱོབ་དངོས་རྫས་ཁག་གསུམ་པ་མགོ་ལོག་ཁུལ་རྨ་སྟོད་རྫོང་ཐོག་ཏུ་འབྱོར། ས་གནས་མང་ཚོགས་དང་དམག་མི། ཞིང་ཆེན་རྒྱ་གྲམ་དམར་པོའི་ཚོགས་པའི་དང་བླངས་པ་དང་ས་གནས་གྲོང་རྡལ་གྱི་སྲིད་གཞུང་མི་སྣ་བཅས་ཀྱིས་གང་མྱུར་སྒོས་དངོས་ཟོག་ཕོག་པ་རེད། ཞིང་ཆེན་གནོད་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་ལྟར། རྒུད་སྐྱོབ་དངོས་རྫས་གཙོ་བོར་མཛོ་རྒན་རྭ་བའི་གནོད་འགོག་རྒུད་སྐྱོབ་བདེ་འགོད་ས་ཚིགས་དང་མཛོ་རྒན་རྭ་བར་བོད་ཡིག་བཅའ་སྡོད་སློབ་གྲྭ་དང་རྨ་ཆེན་རྫོང་རྟ་བོ་ཞོལ་མ་ཡུལ་ཚོར་བསྐྱལ་ནས་ས་གནས་ཀྱི་གནོད་འགོག་རྒུད་སྐྱོབ་བྱ་བར་རོགས་འདེགས་བྱས་ཏེ། གནོད་ཁུལ་མང་ཚོགས་ཀྱི་འཚོ་བ་སླར་གསོ་འབྱུང་བར་རྒྱ་གྲམ་དམར་བོའི་སྟོབས་ཤུགས་ཕུལ།

མི་ཕམ་མགོན་པོས་བསྒྱུར།