རྨ་སྟོད་རྫོང་གིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་བྱ་བར་འགན་སྲུང་བྱས།
2021.05.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 55

གསར་འགོད་པས་ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན་མགོ་ལོག་ཁུལ་རྨ་སྟོད་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་ནས་རྒྱུན་ལོན་བྱུང་བ་ལྟར་ན།   ལྔ་བའི་ཉེར་གཉིས་རྨ་སྟོད་རྫོང་དུ་ས་འགུལ་བྱུང་རྗེས།  རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་པ་དང་།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲུའུ་ཅི་གཞོན་པ།   ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱི་ཐབས་བརྒྱ་ཇུས་སྟོང་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཞེས་པའི་བྱ་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་གཙོ་བོའི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་མོ་བྱས་པར་མ་ཟད།    མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ལ།   རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་།  སྡེ་ཁག་མཉམ་སྒུལ་ཇེ་དྲག་ཏུ་གཏོང་བ།   དངོས་ཟོག་སྐྱེལ་འདྲེན་ལ་ཤུགས་སྣོན་པ་སོགས་བྱེད་ཐབས་བརྒྱུད་དེ་ཡོམ་འགོག་རྒུད་སྐྱོབ་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་འགན་སྲུང་བྱས།

ས་འགུལ་བྱུང་རྗེས།  ཁུལ་ཏང་ཨུའི་ཧྲུའུ་ཅི་ཀྲང་ཞའོ་ཅུན་དང་ཧྲུའུ་ཅི་གཞོན་པ།   ཁུལ་སྲིད་གཞུང་གི་ཁུལ་དཔོན་ཡེ་ཝན་ཧྲན་གཉིས་ཀ་ས་འགུལ་བྱུང་སར་སོང་ནས་ཡོམ་འགོག་རྒུད་སྐྱོབ་བྱ་བར་མཛུབ་སྟོན་བྱས་པར་མ་ཟད།   ཁོང་གཉིས་ཀྱིས་སྤྱིའི་བཀོད་འདོམས་པའི་འགན་ཁུར་བ་དང་།  ཁུལ་རིམ་པའི་འབྲེལ་ཡོད་འགོ་ཁྲིད་དང་དེ་མིན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་སྤྱིའི་བཀོད་འདོམས་པ་གཞོན་པའི་འགན་ཁུར་བ་དང་།  འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཁོངས་མི་ཡིན་པའི་རྫོང་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་བཙུགས།     དེ་དང་མཉམ་དུ།  རྨ་སྟོད་རྫོང་གི་ས་འགུལ་འཕྲལ་བསྟུན་སྔོན་ཇུས་མྱུར་དུ་ལག་བསྟར་བྱས་པ་དང་།   ཡོམ་འགོག་རྒུད་སྐྱོབ་བྱ་བའི་གཙོ་གནད་འབུར་དུ་ཐོན་པར་བྱས་ལ།   བྱ་བའི་འགན་འཁྲི་གསལ་བོ་བྱས་པ་དང་།   གོང་རིམ་འགོ་ཁྲིད་ཀྱིས་ཡོམ་འགོག་རྒུད་སྐྱོབ་ཐད་གནང་བའི་མཛུབ་སྟོན་སོ་སོ་དང་ལེན་དང་ལག་བསྟར་བྱས་པར་མ་ཟད།   ས་འགུལ་གྱི་གནས་ཚུལ་དང་གནོད་སྐྱོན་གྱི་གནས་ཚུལ་ལ་དམིགས་ནས་བྲེལ་མྱུར་བྱེད་ཐབས་སྤྱད་པ་དང་།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་དུས་ཐོག་ཏུ་ས་འགུལ་གྱི་གནས་ཚུལ་དང་གནོད་སྐྱོན་གྱི་གནས་ཚུལ།    མྱུར་སྐྱོབ་བྱ་བའི་འཕེལ་རིམ་སོགས་ཡར་ཞུ་བྱས་ཏེ་འགན་འཁྲི་དོན་འཁྱོལ་ནན་མོ་བྱས།

ཡོམ་འགོག་རྒུད་སྐྱོབ་བྱ་བའི་བླང་བྱ་གཞིར་བཟུང་ནས།  ཡུལ་ཚོ་དང་གྲོང་རྡལ་སོ་སོ་དང་སློབ་གསོ་དང་འཕྲོད་བསྟེན།  དམངས་སྲིད་སོགས་འབྲེལ་ཡོད་སྡེ་ཁག་གིས་རང་འགན་རང་སྒྲུབ་བྱས་ཏེ་མྱུར་དུ་ཏང་ཡོན་ལས་བྱེད་པ་བདུན་བརྒྱ་དགུ་བཅུ་ལྷག་དང་།  ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་པ།  སྐྱེ་ཁམས་དོ་སྲུང་བ་སོགས་མི་སྟོང་གསུམ་དང་བརྒྱ་ལྷག་རྩ་འཛུགས་བྱས་ཏེ་གནོད་ཁུལ་གྱི་འཐབ་ཕྱོགས་དང་པོར་སོང་ནས་མི་ཕྱུགས་ཀྱི་ཤི་རྨས་གནས་ཚུལ་དང་རྒྱུ་ནོར་གྱོང་གུད་གནས་ཚུལ་ལ་ཞིབ་བཤེར་བྱས།   སྡོད་ཁང་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་པའི་མང་ཚོགས་དག་ལ་དུས་ཐོག་ཏུ་སྡོད་ཁང་བཀོད་སྒྲིག་བྱས་པ་དང་།  ལྷག་པར་དུ་སློབ་གྲྭ་སོ་སོར་རས་གུར་གྱི་སློབ་ཁང་དང་ཟ་ཁང་བཀོད་སྒྲིག་བྱས་ཏེ་དགེ་སློབ་རྣམས་ཀྱི་ཚེ་སྲོག་བདེ་འཇགས་དང་སློབ་ཁྲིད་ལ་འགན་སྲུང་བྱས།

ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཡོམ་འགོག་རྒུད་སྐྱོབ་བྱ་བ་བཟང་བོར་བསྒྲུབ་པ་དང་།    ཡོམ་འགོག་རྒུད་སྐྱོབ་ཤེས་བྱ་དྲིལ་སྒྲོག་བཟང་བོ་བྱས་ཏེ་མང་ཚོགས་རྣམས་ཀྱིས་དཀྲོག་གཏམ་ལ་མི་ཉན་པ་དང་དཀྲོམ་གཏམ་མི་སྒྲོག་པར་ཡོམ་འགོག་རྒུད་སྐྱོབ་བྱ་བར་ཚན་རིག་ལྟར་ངོས་འཛིན་ཡང་དག་བྱེད་པར་སྣེ་ཁྲིད་བྱས།

                                                                                                                     ལྷ་མོ་ཚེ་རིང་གིས་བསྒྱུར།