གསར་འགོད་པས་ཚེས་ཉེར་བཞི་ཉིན་འཕྲལ་བསྟུན་དོ་དམ་པུའུ་ཡི་བྱ་བའི་ཚན་ཆུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་རྨ་སྟོད་རྫོང་གི་ཡོམ་འགོག་རྒུད་སྐྱོབ་བྱ་བ་གཞི་རྩའི་སྟེང་མཇུག་སྒྲིལ་ཡོད་ནའང་། རོགས་སྐྱོབ་བྱ་བ་སོ་སོ་ད་རུང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།
མིག་སྔའི་བར་དུ། ས་འགུལ་ལས་བསྡོམས་པས་མི་བཅོ་བརྒྱད་ལ་རྨས་ཕོག་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བ་གཅིག་ཀྱང་མེད། ཚེས་ཉེར་བཞི་ཉིན་གྱི་དུས་ཚོད་དགུའི་སྟེང་། འཕྲལ་བསྟུན་དོ་དམ་པུའུ་ཡི་བྱ་བའི་ཚན་ཆུང་གིས་རྨ་སྟོད་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་ཁྲིད་སླར་གསོའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། སློབ་མ་བརྒྱད་བརྒྱ་དང་གསུམ་རས་གུར་སློབ་ཁྲིད་ཁྲོད་ཞུགས་ཡོད་ལ། མེ་འགོག་མེ་གསོད་སྡེ་ཁག་གིས་མེ་འགོག་མེ་གསོད་ཐད་ཀྱི་བདེ་འཇགས་འགན་སྲུང་བྱ་བ་བཟང་བོར་སྒྲུབ་བཞིན་ཡོད།
ས་འགུལ་བྱུང་བའི་ཚུན་ལ། ཚོང་དོན་སྡེ་ཁག་གིས་གནོད་ཁུལ་གྱི་ཚོང་རྫས་མཁོ་འདོན་བྱ་བ་བཟང་བོར་བསྒྲུབས་པ་དང་། སྲིང་བལ་གྱི་རས་གུར་དང་སྲིང་བལ་གྱི་ལྭ་རིང་། གྲང་འགོག་ལྭ་བ་སོགས་དངོས་ཟོག་ཁྲི་གསུམ་དང་སྟོང་གཅིག་བཞི་བརྒྱ་རེ་གཅིག་གནོད་ཁུལ་དུ་འབྱོར་ཡོད། ཆུ་བེད་སྡེ་ཁག་གིས་ཆུ་མཛོད་དང་ཆུ་གློག་ས་ཚིགས་སོགས་ཀྱི་ཆུ་བེད་སྒྲིག་ཆས་གལ་ཆེན་ལ་གཅིག་བསྡུས་ཞིབ་བཤེར་བྱས་པ་དང་གནད་དོན་གཅིག་ཀྱང་རྙེད་མེད། གློག་ཤུགས་དང་འཕྲིན་གཏོང་སྡེ་ཁག་གིས་སྟོབས་ཤུགས་ཡོད་རྒུས་ཞིག་གསོ་བྱ་བ་སྤེལ་ཏེ་གནོད་ཁུལ་གྱི་གློག་འདོན་དང་འཕྲིན་གཏོང་ཡོངས་རྫོགས་ཁྱོན་ཡོངས་ནས་སླར་གསོ་བྱས་ཡོད། སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་བསྡོམས་པས་ཁང་བ་ཉིས་བརྒྱ་དང་བཅུ་གཉིས་ལ་ཞིབ་བཤེར་བྱས་པར་མ་ཟད། རིགས་བགར་གསལ་བོ་བྱས་ཡོད་པ་དང་། དེའི་ཁྲོད་གཞུང་སྒྲུབ་སྡོད་ཁང་དང་ཚོང་ལས་ཐོག་ཁང་། སློབ་གྲྭ་སོགས་སྤྱི་བའི་ཨར་ལས་བཟོ་སྐྲུན་ཞེ་བདུན་དང་། མཁར་གྲོང་སྡོད་ཁང་བཅུ་གཉིས། འབྲོག་པའི་སྡོད་ཁང་བརྒྱ་དང་ང་གསུམ་ཡོད། སློབ་གསོ་དང་དམངས་སྲིད་སོགས་སྡེ་ཁག་གིས་གནོད་ཁུལ་གྱི་བཅའ་སྡོད་ལམ་ལུགས་ཀྱི་སློབ་མ་དང་། དམངས་སྲིད་ཕན་བདེ་ལས་ཁུངས་ཀྱི་ལོ་ལོན་དང་བྱིས་པ་ཡོངས་རྫོངས་བཀོད་སྒྲིག་བཟང་བོ་བྱས་ཡོད། མཚོ་སྔོན་ཞིང་ཆེན་མེ་གསོད་མེ་འགོག་རོགས་སྐྱོབ་སྤྱིའི་རུ་ཁག་གིས་བསྡོམས་པས་རླངས་འཁོར་བདུན་ཅུ་དང་བཀོད་འདོམས་པ་ཉིས་བརྒྱ་གོ་དྲུག དམག་ཆས་ཡོ་བྱད་ཁྲི་གཅིག་དང་སྟོང་གཉིས་དགུ་བརྒྱ་དང་གཉིས་གནོད་ཁུལ་དུ་བཀོད་སྒྲིག་བྱས་ཡོད།
འཕྲལ་བསྟུན་དོ་དམ་པུའུ་ཡི་བྱ་བའི་ཚན་ཆུང་གི་ཁོངས་མི་ཧིག་ཅན་ཧྲིན་གྱིས་བཤད་རྒྱུར། མིག་སྔར་རོགས་སྐྱོབ་དངོས་རྫས་ཚང་མ་རྒྱུན་མཐུད་ངང་གནོད་ཁུལ་དུ་འབྱོར་ཡོད་པ་དང་། གོ་རིམ་རྗེས་མར་བདེ་འགོད་ས་ཚིགས་ཀྱི་དངོས་ཟོག་འགན་སྲུང་དང་འཚོ་བའི་རོགས་སྐྱོར་བྱ་བར་ཤུགས་སྣོན་པར་སྐུལ་སྤེལ་བྱེད་རྒྱུ་ཡིན་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།