མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཉེན་རྟོག་པ་སྟོང་གསུམ་དང་དགུ་བརྒྱ་དགུ་བཅུ་རྩ་འཛུགས་བྱས་ཏེ་ཡོམ་འགོག་རྒུད་སྐྱོབ་བྱ་བ་སྤེལ།
2021.05.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

ལྔ་བའི་ཉེར་གཉིས་ཉིན་གྱི་རྨ་སྟོད་ས་འགུལ་བྱུང་རྗེས།  ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་དུས་ཐོག་ཏུ་ཉེན་རྟོག་པ་སྟོང་གསུམ་དང་དགུ་བརྒྱ་དགུ་བཅུ་རྩ་འཛུགས་བྱས་ཏེ་ཉེན་ཁར་ཞིབ་བཤེར་དང་འགྲིམ་འགྲུལ་འགན་ལེན་བྱ་བར་བཀོད་འདོམས་བྱས་པ་དང་།    སྤྱི་ཚོགས་སྤྱི་ཡོངས་སྔོན་འགོག་ཚོད་འཛིན་དང་དྲ་ཐོག་གི་དཀྲོག་གཏམ་ལ་ལྟ་ཞིབ་ཚད་ལེན་བྱས།

ས་འགུལ་བྱུང་རྗེས། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི།  སྤྱི་བདེ་ཐིན་གྱི་ཏང་ཙུའུ་ཧྲུའུ་ཅི་ལིས་ཧུང་ཡ་མྱུར་དུ་ཞིང་ཆེན་སྤྱི་བདེ་ཐིན་གྱི་བཀོད་འདོམས་ལྟེ་གནས་སུ་སོང་ནས་མཁོ་བསྟུན་རོགས་སྐྱོར་དང་གཞུང་ལམ་འགྲིམ་འགྲུལ་སོགས་གནས་ཚུལ་ལ་རྒྱུས་ལོན་བྱས།   དེའི་རྗེས་སུ།  ཁོས་རྨ་སྟོད་རྫོང་གི་སྤྱི་བདེ་ཅུའུ་ཡིས་གནས་སྐབས་གཞུང་སྒྲུབ་བྱེད་ས་བཙུགས་ནས་མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་རོགས་སྐྱོར་མི་སྣའི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པ་དང་། འགྲིམ་འགྲུལ་ཤར་བགྲོད་ལ་ཚན་རིག་དང་མཐུན་པར་ཚོད་འཛིན་བྱེད་པ།   གནོད་སྐྱོན་བཟོས་ཡོད་པའི་གཞུང་ལམ་གྱི་འགྲིམ་འགྲུལ་སྒྲིག་ལམ་དང་བདེ་འཇགས་སྒྲིག་ལམ་སྲུང་སྐྱོབ་ཡག་པོ་བྱས་ཏེ་རླངས་འཁོར་འགག་པ་དང་མི་སྣ་མང་བའི་རྐྱེན་གྱིས་ས་འགུལ་རོགས་སྐྱོར་བྱ་བར་ཤུགས་རྐྱེན་བཟོ་བ་སེལ་དགོས་པའི་རེ་བ་བཏོན།  བརྙན་རིས་བཀོད་གཏོང་དང་བརྙན་རིས་སྦྲེལ་མཐུད་བྱེད་སྐབས།    ལིས་ཧུང་ཡ་ཡིས་འཐབ་ཕྱོགས་དང་པོའི་ཡོམ་འགོག་རྒུད་སྐྱོབ་མི་སྣ་དག་ལ་བརྩེ་བའི་འཚམས་འདྲི་བྱས་པ་དང་།   རང་ཉིད་ཀྱི་བདེ་འཇགས་ལ་འགན་སྲུང་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན།

དེ་དང་མཉམ་དུ།    སྤྱི་བདེ་ཐིན་ཉེན་རྟོག་ལས་དོན་འགན་སྲུང་པུའུ་ཡིས་མྱུར་དུ་འཕྲལ་བསྟུན་འགན་སྲུང་སྔོན་ཇུས་ལག་བསྟར་བྱས་ཏེ།   རས་གུར་དང་ཉལ་ཁྲི།   གྲང་འགོག་ལྭ་བ་སོགས་དངོས་ཟོག་བཀོད་སྒྲིག་བྱས་པ་དང་།     གནོད་ཁུལ་གྱི་ཉེན་རྟོག་འགན་སྲུང་སྡེ་ཁག་དང་འབྲེལ་འདྲིས་བྱས་ཏེ་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་།   མཐུན་སྦྱོར་རོགས་རེས་ལ་ཤུགས་བསྣན་ཏེ་སྟོབས་ཤུགས་ཡོད་རྒུས་ཡོམ་འགོག་རྒུད་སྐྱོབ་ཀྱི་འཕྲལ་བསྟུན་འགན་སྲུང་བྱ་བ་བཟང་བོར་བསྒྲུབས།

ཡོམ་འགོག་རྒུད་སྐྱོབ་སྐབས་སུ།    མགོ་ལོག་ཁུལ་ཉེན་རྟོག་ཅུའུ་ཡིས་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་སྤྱི་ཚོགས་བདེ་སྲུང་བྱ་བ་མྱུར་དུ་སྤེལ་བ་དང་།    སྔ་གཞུག་ཏུ་ཉེན་རྟོག་པ་སུམ་བརྒྱ་ལྷག་རྩ་འཛུགས་བྱས་ཏེ་ཁོངས་གཏོགས་གཙོ་གནད་ཁུལ་དུ་སོང་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱས།   ཉེན་རྟོག་པ་ལྔ་བརྒྱ་ལྷག་རྩ་འཛུགས་བྱས་ཏེ་སྲང་ལམ་སྐོར་ཞིབ་ལ་ཤུགས་བསྣན་པ་དང་།   ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་གི་མྱུར་བགྲོད་གཞུང་ལམ་དང་རྒྱལ་ཁབ་རིམ་པའི་ལམ།  ཞིང་ཆེན་རིམ་པའི་ལམ་དང་དེ་མིན་གཞུང་ལམ་གཙོ་བོ་སོགས་སུ་ལས་རེས་ཁང་བཀོད་སྒྲིག་བྱས་ཏེ་འགྲིམ་འགྲུལ་ཤར་གཏོང་ལ་བཀོད་འདོམས་བྱས།

ལྷ་མོ་ཚེ་རིང་གིས་བསྒྱུར།