གསར་འགོད་པས་ཞིང་ཆེན་རྒྱ་གྲམ་དམར་པོའི་ཚོགས་པ་ནས་རྒྱུས་ལོན་པ་ལྟར་ན། ལྔ་བའི་ཉེར་གཉིས་ཉིན་གྱི་མཚོ་སྔོན་རྨ་སྟོད་ཀྱི་ས་ཡོམ་རྗེས་སུ། ཞང་ཀང་རྒྱ་གྲམ་དམར་པོའི་ཚོགས་པས་རྨ་སྟོད་ས་ཡོམ་གནོད་ཁུལ་ལ་སྒོར་ས་ཡ་གཅིག་དང་བཞི་འབུམ་ཉིས་ཁྲི་ལྔ་སྟོང་གི་དངོས་རྫས་ཀྱི་རོགས་སྐྱོར་བྱས།
ས་ཡོམ་བྱུང་རྗེས་སུ་རྒྱལ་ཡོངས་ལས་རིགས་སོ་སོ་ཡོམ་འགོག་རྒུད་སྐྱོབ་བྱ་བའི་ཁྲོད་ཞུགས། ཞང་ཀང་རྒྱ་གྲམ་དམར་པོའི་ཚོགས་པས་དུས་ཚོད་དང་པོའི་ནང་མཚོ་སྔོན་རྒྱ་གྲམ་དམར་པོའི་ཚོགས་པ་དང་འབྲེལ་འདྲིས་བྱས་ཏེ། གནོད་ཁུལ་ལ་མཁོ་བའི་དངོས་རྫས་འབྲེལ་མཐུད་བྱས་པ་དང་རང་འགུལ་ངང་གནོད་ཁུལ་ལ་རོགས་སྐྱོར་གྱི་ལག་ཟུང་བསྲིངས་ནས་དཀའ་སྡུག་མཉམ་མྱོང་བྱས། རྨ་སྟོད་ས་ཡོམ་གྱི་ཡོམ་འགོག་རྒུད་སྐྱོབ་བཀོད་འདེམས་པུའུ་དང་འབྲེལ་འདྲིས་བྱས་པ་བརྒྱུད་དེ། ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཉིས་སྟེང་། ཞང་ཀང་རྒྱ་གྲམ་དམར་པོའི་ཚོགས་པས་ཀྲུང་གོའི་རྒྱ་གྲམ་དམར་པོའི་ཚོགས་པ་སྤྱིའི་ཚོགས་པའི་ཆོག་མཆན་ཐོབ་རྗེས། གནོད་ཁུལ་གྱི་དགོས་མཁོ་ལྟར་སྒོར་ས་ཡ་གཅིག་དང་བཞི་འབུམ་ཉིས་ཁྲི་ལྔ་སྟོང་གི་དངོས་རྫས་ཀྱི་རོགས་སྐྱོར་བྱེད་པར་ཐག་བཅད་ནས་མང་ཚོགས་ཀྱི་ལག་ཏུ་འབྱོར་བར་བྱས། ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་སྦྲ་གུར་ཉིས་སྟོང་དང་ཉལ་ཁྲི་སུམ་སྟོང་སུམ་བརྒྱ་སོ་བཞི་གནོད་ཁུལ་དུ་འབྱོར་བར་བྱས།
མི་ཕམ་མགོན་པོས་བསྒྱུར།