མདོ་ལ་རིང་མོ་རྟ་མཆོག་བང་གིས་བརྒལ།།
སྟོད་ཀོར་དམར་པོ་ལུས་ཀྱི་རྒྱན་དུ་མངོན།།བརྗིད་ལྡན་ཏང་དར་རླུང་གིས་སྐྱོད་བཞིན་དུ།།གཞི་རིམ་ཉུལ་བའི་རུ་ཁག་འདི་ཉིད་བསྟོད།།

མདོ་ལ་རིང་མོའི་འདབས་སུ་ཏང་ཡོན34ཡིས་གྲུབ་པའི་རྟ་ཐོག་སྐོར་ཞིབ་སྒྲོག་འགྲེལ་ཞབས་ཕྱི་རུ་ཁག་འདི་ལྟ་བུ་ཞིག་ཡོད་དེ། གྲང་ངར་དང་ཚ་གདུག་ཆེ་ལ་ཁ་ཆར་དང་གྲང་རླུང་རྒོད་ཀྱང་། ཁོ་ཚོས་མདོ་ལ་རྫོང་འབྲོང་ལུང་ཞང་མདའ་བཞི་སྡེ་བའི་རི་ལུང་རེ་རེ་བརྒལ་ནས་སྡེ་བའི་འབྲོག་ཁྱིམ319ལ་སྲིད་ཇུས་དྲིལ་སྒྲོག་དང་ཞབས་འདེགས་ཞུ་ཆེད། གསེར་བརྗེའི་སྐྱ་མི་དང་འདྲ་བར་རྟ་ཐོག་ཏུ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་མཐའ་མའི་ལེ་བར་གཅིག་ཤར་གཏོང་བྱས།

དབྱར་འགོ་མའི་མདོ་ལ་རིང་མོར་ཉི་འོད་དྲོད་ལམ་ལམ་དུ་ཤར་ཡོད་ཀྱང་གཙང་འགྲམ་གྱི་ཆབ་རོམ་ད་དུང་ཞུ་ཚར་མེད། ཟླ5བའི་ཚེས26ཉིན། གསར་འགོད་པ་མདོ་ལ་རྫོང་ནས་ལམ་ལ་ཆས་ཏེ་རྒྱལ་ལམ་གཉིས་གཅིག་གསུམ་བརྒྱུད་དེ་ནུབ་ཕྱོགས་སུ་འབྲོང་ལུང་ཞང་སྲིད་གཞུང་དང་བར་ཐག་སྤྱི་ལེ10ཙམ་ཡོད་པའི་ལམ་མདོར་ཐོན་པ་དང་། དེ་རྗེས་ལམ་མདོ་ནས་སྤྱི་ལེ30ལྷག་ཡོད་པའི་ས་ལམ་བརྒྱུད་ནས་མདའ་བཞི་སྡེ་བར་འབྱོར། མདའ་བཞི་སྡེ་བའི་འབྲེལ་གཏུག་ས་ཚིགས་ཀྱི་འགོ་ཁྲིད་དང་ཞང་དམངས་ཆེན་ཀྲུའུ་ཞི་དཔའ་ལྡན་ཚེ་རིང་གིས་ལམ་བར་དུ་མདའ་བཞི་སྡེ་བའི་གནས་ཚུལ་དང་རྟ་ཐོག་སྐོར་ཞིབ་སྒྲོག་འགྲེལ་ཞབས་ཕྱི་རུ་ཁག་འཛུགས་རྒྱུའི་ཐོག་མའི་དམིགས་ཡུལ་ངོ་སྤྲོད་བྱས། ཁོས་བཤད་རྒྱུར། མདའ་བཞི་སྡེ་བ་ནི་མདོ་ལ་རྫོང་མཁར་དང་བར་ཐག་སྤྱི་ལེ105མཚམས་སུ་ཡོད་ལ། ཁྱིམ་ཚང319དང་མི1041ཡོད། ཁྱིམ་ཚང་མང་པོ་མེད་ཀྱང་ས་རྒྱ་ཆེ་བ་དང་། རི་མཐོ་ལུང་གཟར་ཡིན་པ། འགྲིམ་འགྲུལ་སྟབས་བདེ་མིན་པ། ཆ་འཕྲིན་མྱུར་བོ་མེད་པ། འབྲོག་པ་ཚོ་ཁ་ཐོར་དུ་བསྡད་ཡོད། ན་ནིང་ལོ་འགོར། རིམས་ནད་བྱུང་རྗེས་སྡེ་བའི་ནང་གི་འབྲོག་ཁྱིམ13གྱི་འབྲོག་མི་ཟི་ལིང་ནས་ཕྱིར་ལོག་བྱས་རྗེས་འཕྲལ་དུ་ལོག་བཀར་བྱེད་དགོས་པ་དང་། འབྲོག་པར་འཚོ་བའི་མཁོ་ཆས་དགོས་ལ། ཕྱུགས་ཀྱང་འཚོ་དགོས་པས་གནད་དོན་དེ་དག་ཐག་གཅོད་ཇི་ལྟར་བྱེད་དགོས་སམ་ཞེ་ན། ཡང་སྙིང་བྱེད་ཐབས་དཀའ་ངལ་ལས་མང་བ་ཡོད་པས་ཞང་གིས་མགྱོགས་མྱུར་བཀོད་སྒྲིག་བྱས་ཏེ། ང་དང་སྡེ་བར་བཅའ་སྡོད་བྱས་པའི་ལས་དོན་རུ་མི། སྡེ་བའི་ཨུ་ལྷན་གཉིས་དང་དེ་བཞིན་རྩྭ་ཐང་གི་བདག་སྐྱོང་བ་དང་ཏང་ཡོན་ལས་བྱེད་པ་བཅས་མི34ཡིས་རྟ་ཐོག་སྐོར་ཞིབ་སྒྲོག་འགྲེལ་ཞབས་ཕྱི་རུ་ཁག་བཙུགས་པ་ཡིན་ཟེར།

ལོགས་སུ་བཀར་བའི་རིང་། རྟ་ཐོག་ཞབས་ཕྱི་རུ་ཁག་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་དེ་ལུས་པོའི་དྲོད་ཚད་འཇལ་བ་དང་། འཚོ་བའི་མཁོ་ཆས་སྐྱེལ་བ། ཏང་གི་སྲིད་ཇུས་སྒྲོག་འགྲེལ་བྱེད་པ། ལོགས་སུ་བཀར་བའི་མང་ཚོགས་ཚོར་ནོར་ལུག་འཚོ་རོགས་བཅས་བྱས་པ་རེད།ང་ཚོ་ནི་ཏང་ཡོན་ཡིན་པ་དང་སྡེ་བའི་ནང་མང་ཚོགས་ལ་ཞབས་འདེགས་ཞུ་མཁན་བདམས་པ་དེའོ།། སྡེ་བའི་ནང་ཆ་རྐྱེན་བཟང་པོ་མེད་པ་དང་མང་ཚོགས་ཁ་ཐོར་དུ་གནས་སྡོད་བྱས་ཡོད། འོན་ཀྱང་ཁྱིམ་ཚང་ཚང་མར་རྟ་ཡོད་པས་རྟ་ཐོག་སྐོར་ཞིབ་རུ་ཁག་བཙུགས་ཏེ་མང་ཚོགས་ཀྱི་དཀའ་ངལ་སེལ་རྒྱུ་ནི་ང་ཚོ་ཏང་ཡོན་གྱི་འོས་འགན་ཡིན་ཞེས་དེ་སྔའི་སྡེ་བའི་ཨུ་ལྷན་གྱི་ཀྲུའུ་རིན་རྡོ་རྗེ་ཚེ་རིང་གིས་བཤད།

རིམས་འགོག་སྐབས་ཀྱི་རྟ་ཐོག་སྐོར་ཞིབ་རུ་ཁག་ནས་སྒྲོག་འགྲེལ་ཞབས་ཕྱི་རུ་ཁག་བར་དང་། ད་ལྟའི་རྟ་ཐོག་སྐོར་སྐྱོད་སྒམ་ཆུང་དང་རྟ་ཐོག་མདོག་བདུན་ལྡན་སྐྱ་མི་རུ་ཁག་བར་འཕེལ་རྒྱས་བྱུང་བ་དང་། ཏང་གི་སྲིད་ཇུས་སྒྲོག་འགྲེལ་དང་སྡེ་བ་རིམ་པའི་ལས་དོན་དོ་དམ། འགལ་བ་དང་རྩོད་གཞི་གྲལ་བཤེར་སོགས་ཕྱོགས་བདུན་གྱི་ཞབས་ཕྱིའི་ལས་དོན་ཚང་མ་རྟ་ཐོག་ནས་ལེགས་འགྲུབ་བྱུང་བ་དང་། རི་ཁུལ་དུ་གནས་པའི་འབྲོག་པས་རི་ཀླུང་བརྒལ་ནས་ཞང་དང་རྫོང་དུ་རྒན་གསོའི་དངུལ་དང་སྨན་བཅོས་འགན་བཅོལ་སོགས་སྤྲོད་པར་འགྲོ་མི་དགོས་པར། འབྲོག་པའི་གནད་དོན་ཆེ་མ་ཆུང་གསུམ་རྟ་ཐོག་ནས་ཐག་གཅོད་ཐུབ་པས་མང་ཚོགས་ཀྱི་དགའ་བསུ་དང་བསྟོད་བསྔགས་ཆེས་ཆེར་ཐོབ།
སྒྲོག་འགྲེལ་ཞབས་ཕྱི་རུ་ཁག་གིས་ང་ཚོར་སྟབས་བདེ་ཆེན་པོ་བསྐྲུན་པ་དང་འགན་བཅོལ་སྣ་ཚོགས་སྤྲོད་པ། གནད་དོན་སྣ་ཚོགས་ལ་འཕྲད་སྐབས་ང་ཚོས་ཉིན་གཅིག་གི་དུས་ཚོད་སྤྱད་ནས་ཞང་དང་རྫོང་དུ་རྒྱུག་མི་དགོས་པར། ཏང་གི་སྲིད་ཇུས་བཟང་པོ་ཡང་ཞབས་ཕྱི་རུ་ཁག་གིས་སྒོ་རྩར་བསྐྱལ་བས། ཞབས་ཕྱི་རུ་མི་རྣམས་ཀྱིས་དཀའ་ལས་ཆེན་པོ་མྱངས་སོང་། ང་ཚོས་ཁོ་ཚོར་ཐུགས་རྗེ་ཆེ་ཞུ་ཞེས་འབྲོག་པ་གསང་བདག་གིས་གསར་འགོད་པར་བཤད།

མདའ་བཞི་སྡེ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རིན་འབྲུག་མོ་འཚོས་གསར་འགོད་པར་བཤད་རྒྱུར། སྔོན་ཆད། སྲིད་ཇུས་སྒྲོག་འགྲེལ་ཐེངས་གཅིག་བྱེད་ན། འབྲོག་པ་ཚོ་གཞུང་ལམ་སྤྱི་ལེ30ལྷག་ཙམ་བརྒྱུད་དེ་གཅིག་སྡུད་སྒྲོག་འགྲེལ་ས་ཚིགས་སུ་འབྱོར་དགོས། ད་ལྟ་དེ་ལྟར་བསྐྱོད་མི་དགོས་པར་རྟ་ཐོག་སྐོར་ཞིབ་རུ་ཁག་གིས་ཞབས་ཕྱི་སྒོ་ཁར་བསྐྱལ་ནས་བྱ་བ་ཚང་མ་ཐག་གཅོད་བྱས་ཡོད། ཞབས་ཕྱི་རུ་ཁག་གིས་མང་ཚོགས་ལ་སྟབས་བདེ་བསྐྲུན་ཀྱང་རང་ཉིད་ལ་དཀའ་ངལ་བཟོས་ཡོད་དེ། ད་ལོ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་སྒྲོག་འགྲེལ་བྱེད་པའི་རིང་ཞབས་ཕྱི་རུ་ཁག་ཁྱིམ་ཚང་དུ་བསྐྱོད་དེ་སྒྲོག་འགྲེལ་བྱས་པ་དང་། རི་མཐོ་ལ་ལམ་གཟར་བས། རུ་མི་ལ་ལ་རྟ་ཐོག་ནས་ལྷུང་སྟེ་རྨས་སྐྱོན་ཡང་ཕོག་འདུག་ཟེར།

འདི་གར་ས་བབ་མཐོ་ཚད་སྨི4000ཙམ་ཡོད་པ་དང་ཡུལ་མི་རྣམས་གཅིག་སྡུད་ངང་སྡོད་ཀྱི་ཡོད། རྟ་ཐོག་ཞབས་ཕྱི་རུ་ཁག་ཉིན་གཅིག་ལ་ཁྱིམ་ཚང་བདུན་བརྒྱད་ལ་སྐྱོད་ཐུབ་པ་དང་ཐག་རིང་ཤོས་སུ་ཉིན་གཅིག་ལ་ཁྱིམ་ཚང་གཉིས་གསུམ་ལས་བསྐྱོད་མི་ཐུབ། འོན་ཀྱང་དཀའ་ངལ་ཅི་ཙམ་ཆེ་ཡང་རྟ་ཐོག་སྐོར་ཞིབ་རུ་ཁག་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གོམ་མཚམས་གཏན་ནས་འཇོག་མྱོང་མེད། སྐོར་ཞིབ་རུ་ཁག་བཙུགས་ཚུན། དོན་དངོས་ཆེ་ཆུང250ལྷག་ཙམ་བསྒྲུབས་པ་དང་། དྲིལ་སྒྲོག་དཔྱད་གཞི4000ལྷག་ཙམ་སྤྲད་པ། འགལ་བ་དང་རྩོད་གཞི7བསལ་བ། དེའི་ནང་ཁྱིམ་ཚང་གི་འགལ་བ4དང་རྩྭ་རའི་རྩོད་གཞི3ཡོད་ཅེས་མདའ་བཞི་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་བཀྲ་ཤིས་ཀྱིས་བཤད།

འབྲོང་ལུང་ཞང་ཏང་ཨུའི་ཧྲུའུ་ཅི་པའོ་ཞན་ཆིན་གྱིས་བཤད་རྒྱུར། རྟ་ཐོག་སྐོར་ཞིབ་སྒྲོག་འགྲེལ་ཞབས་ཕྱི་རུ་ཁག་གིས་སྲིད་ཇུས་དྲིལ་སྒྲོག་བྱས་པར་མ་ཟད། ཕྱུགས་བཀག་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཡང་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད། ཁོ་ཚོ་ནི་སྲིད་ཇུས་དྲིལ་སྒྲོག་དོན་འཁྱོལ་བྱེད་མཁན་ཞིག་ཡིན་ལ་སྐྱེ་ཁམས་གཞི་ཐིག་སྲུང་སྐྱོང་བྱེད་མཁན་ཞིག་ཀྱང་ཡིན། ཁོ་ཚོས་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ། ཏང་གི་དམངས་ཕན་སྲིད་ཇུས་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་རྣམ་པ་གསར་བ་དང་བསམ་བློ་གསར་བ་བར་དམ་གཙང་བོའི་ངོགས་ཀྱི་འབྲོང་ལུང་རྩྭ་ཐང་དུ་རྩ་བ་ཚུགས་པར་བྱས་ཡོད་ཟེར།