མཚོ་བྱང་ཁུལ་གྱི་བོད་རིགས་ན་གཞོན་ལས་གཏོད་པ་དཀོན་མཆོག་རྒྱ་མཚོ་དང་དཔའ་ཆེན་ཚེ་རིང་གཉིས་ཀྱི་ལས་གཏོད་ལམ་བུ།
2021.06.02 ཁུངས། གངས་ལྗོངས་འཕྲིན་གསར། ཀློག་གྲངས། 100

རླུང་བུ་འཇམ་པོ་དལ་གྱིས་ལྡང་ཞིང་འཛིན་མའི་ཁྱོན་གྱི་ལྗང་མྱུག་ལ་སྐྱེ་སྟོབས་ཀྱི་དཔལ་རྒྱས་པའི་དུས་ཀྱི་ཕྱི་དྲོ་ཞིག་ལ། ང་ཚོ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནུབ་མཚོ་གྲོང་རྡལ་དུ་ཡོད་པའི་རླབས་བརྡ་ཁྱབ་སྒྲིག་སྦྱོར་ལྟེ་གནས་སུ་བསྐྱོད་ལ། དེའི་འགན་ཁུར་མི་སྣ་དཀོན་མཆོག་རྒྱ་མཚོ་དང་དཔའ་ཆེན་ཚེ་རིང་གཉིས་ཀྱིས་ཁ་ཆད་ལྟར་ང་ཚོར་སྒུག་ནས་བསྡད་འདུག ང་ཚོ་ཁང་བའི་ནང་དུ་སོང་མ་ཐག་དེའི་ཕྱི་ནང་གཉིས་ཀའི་ཁོར་ཡུག་གཙང་ཞིང་གྲལ་དག་ལ་དེང་རབས་འཕྲུལ་ཆས་ཀྱི་ཅ་ལག་དང་མི་རིགས་རང་གི་ཁྱད་ཆོས་མངོན་པར་གསལ་བའི་རྒྱན་རིས་ཀྱིས་སྤུད་ཅིང་། བོད་རྒྱ་ཡིག་སྒྱུར་སོགས་རིགས་དང་རྣམ་པ་མི་འདྲ་བའི་སྐད་ཡིག་གི་ལམ་ནས་བརྡ་ཁྱབ་དང་དཔང་ཡིག སྐད་ཡིག་ལོ་ཙཱའི་བྱ་བ་སྣ་ཚོགས་ཤིག་ཇུས་འགོད་བྱས་དང་བྱེད་བཞིན་པའི་རྣམ་པ་དེ་མཐོང་མ་ཐག དེར་ཞབས་ཞུ་དང་སྤུས་ཚད་འགན་ལེན། སྐད་ཡིག་གི་དག་ཆ་སོགས་ཕྱོགས་གང་གི་ཐད་ནས་ཀྱང་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་ལྡན་པ་ངང་གིས་རྟོགས་ཡོང་། 

འཕེལ་རྒྱས་དང་འགྲན་རྩོད་ཆེ་བའི་དེང་གི་དུས་སྐབས་འདིར། ཁོ་གཉིས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར། མཐུན་པའི་དཔུང་གདང་དམ་པོར་སྦྲེལ་ནས་དཀའ་བ་སྣ་ཚོགས་གདོང་གིས་བསུས་ཏེ། ཕྱི་བཤོལ་མེད་པར་སེམས་སུ་ཡུན་རིང་ཉར་བའི་ཕུགས་འདུན་ཞིག་གི་ཆེད་དུ་མདུན་དུ་སྐྱོད་ཐུབ་པ་ནི་ལས་སླ་མོ་ཞིག་ག་ལ་ཡིན། 

དཀོན་མཆོག་རྒྱ་མཚོས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།

འདི་ལྟར། ང་ཚོ་གསར་འགོད་པ་ན་གཞོན་སྤུན་འདི་གཉིས་ཀྱིས་མཉམ་དུ་སྒྲུབ་བཞིན་པའི་རླབས་བརྡ་ཁྱབ་སྒྲིག་སྦྱོར་ལྟེ་གནས་སུ་འབྱོར་ནས། དྲོད་སྐྱིད་དང་སྟོབས་ཤུགས་ཀྱིས་ཁེངས་པའི་ལས་སྒྲུབ་ཁང་འདིའི་འདས་མ་ད་གསུམ་གྱི་གནས་ཚུལ་སྐོར་དྲིས་པ་ན། དཀོན་མཆོག་རྒྱ་མཚོས་འདི་ལྟ་བུ་ཞིག་ཅིའི་ཕྱིར་སྒྲུབ་དགོས་པའི་སྐོར་ནས་མགོ་བརྩམས་ཏེ་བཤད་བྱུང་། ཁོས་བཤད་རྒྱུར་ང་རང་སློབ་ཆེན་ནས་མཐར་ཕྱིན་པའི་ལོ་དེར། རང་ཉིད་ཕ་ཡུལ་དུ་ཡིག་ཆ་ཞིག་བསྐྱར་དཔར་བྱེད་དུ་སོང་བ་ན། གཅིག་ནས་གནས་འདིར་བོད་རྒྱ་སྐད་གཉིས་གཙོ་བྱས་ནས་གཉེར་པའི་བརྡ་ཁྱབ་ལས་སྒྲུབ་ཁང་དང་དཔར་ཁང་ཞིག་མེད་པ་དང་། གཉིས་ནས་ལས་སྒྲུབ་མི་སྣས་བོད་ཡིག་སོགས་གྲངས་ཉུང་མི་རིགས་ཀྱི་ཡིག་ཆའི་ནང་དོན་ཐད་མི་ཤེས་པ་དང་ཁྲིམས་མཐུན་ཡིན་མིན་བརྡར་གཅོད་བྱེད་དཀའ་བས་ཚད་ལྡན་གྱི་རྒྱ་བོད་སྐད་གཉིས་གཉེར་བའི་ལས་སྒྲུབ་ཁང་ཞིག་མེད་པ། གསུམ་ནས་གོང་རིམ་གྱིས་སྤྲད་པའི་བོད་ཡིག་གི་སྒོ་བྱང་དང་དྲིལ་སྒྲོག་བྱང་བུ་སོགས་བསྐྱར་དཔར་ཁང་དང་ཡིག་གཏགས་ཁང་སོགས་ནས་གཏགས་ནོར་ཐེབས་པའམ་མགོ་རྔ་འཁྱོལ་བའི་སྣང་ཚུལ་འདི་མཐོང་བས། འདི་ནི་མི་རིགས་རང་སྐྱོང་ས་ཁུལ་འདིའི་སྟོང་ཆ་ཞིག་ཡིན་པ་དང་ས་གནས་ཀྱི་མི་རིགས་སྐད་ཡིག་ཚད་ལྡན་བཀོལ་སྤྱོད་དང་མི་རིགས་མཐུན་སྒྲིལ་གྱི་ལས་དོན་གོང་དུ་སྤེལ་བ། རང་ཉིད་ཀྱང་སློབ་ཆེན་མཐར་ཕྱིན་སློབ་མ་ཞིག་ཡིན་པར་མ་ཟད་བརྡ་ཁྱབ་ཀྱི་ལས་རིགས་འདི་དང་ཁ་ཐག་ཉེ་བར་བསམ་ནས་བརྡ་ཁྱབ་སྒྲིག་སྦྱོར་ཁང་ཞིག་གཉེར་རྒྱུའི་ཐོག་མའི་ཀུན་སློང་དེ་ནས་སྐྱེས་པ་ཡིན་ཞིང་། ལས་གཏོད་ཀྱི་ལམ་བུའི་ཁྲོད་སྤྱི་ཚོགས་འཚོ་བའི་ཉམས་མྱོང་ཞན་པ་དང་དཔལ་འབྱོར་འཚོ་བའི་འཁོས་ཀ་ཞན་པ་སོགས་ཀྱི་གནོན་ཤུགས་དང་དཀའ་ངལ་མང་བོར་འཕྲད་སྲིད་ཀྱང་ངེད་གཉིས་ཀྱིས་དེ་དག་ཡོད་ཚད་སྟོབས་ཤུགས་སུ་སྒོམ་སྟེ། རང་ཉིད་ཀྱི་བརྩོན་པ་དང་། ཕ་མ་དང་གཉེན་ཉེ། དགེ་རྒན་བཀའ་དྲིན་ཅན་གྱི་རྒྱབ་སྐྱོར་འོག་མི་ཚེ་འདིའི་ལས་གཏོད་ཀྱི་གོམ་ཁ་ཐོག་མ་འདི་ནས་སྤོས་པ་ཡིན་ལ། 2018ལོ་ནས་བཟུང་མ་དངུལ་སྒོར་ཁྲི25བཏང་ནས་རླབས་བརྡ་ཁྱབ་སྒྲིག་སྦྱོར་ལྟེ་གནས་འདི་དངོས་སུ་གཉེར་འགོ་ཚུགས་པ་དང་། ལས་གཉེར་རྣམ་གྲངས་ཀྱང་གཙོ་བོ་ཡིག་རིགས་ལོ་ཙཱ་དང་ཞུ་དག བརྡ་ཁྱབ་ཇུས་འགོད། དཔེ་དེབ་དང་མིང་བྱང་སྒྲིག་བཟོ། སྒོ་བྱང་དང་དྲིལ་སྒྲོག་སྦྱར་བྱང་སོགས་བརྡ་ཁྱབ་ལས་རིགས་དམིགས་སུ་བཟུང་ནས་ཧུར་བརྩོན་བྱས་པ་ཞིག་རེད།

དཔའ་ཆེན་ཚེ་རིང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།

དེ་བཞིན་དུ། དཔའ་ཆེན་ཚེ་རིང་གིས་ངེད་སྤུན་གཉིས་ཀྱིས་འདི་ཉིད་གཉེར་འགོ་ཚུགས་པ་ནས་བཟུང་། འདིའི་བོད་རྒྱ་ཡིག་སྒྱུར་གྱི་དག་ཆའི་ཐད་དུ་རང་ཉིད་ཀྱིས་གང་བྱུང་དུ་སྒྱུར་བ་ཞིག་མིན་པར་མཚོ་བྱང་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་སྤེལ་བའི་འབྲེལ་ཡོད་སྤྱི་ཚོགས་སྤྱོད་ཡིག་གི་སྒྲིག་སྲོལ་གྱི་བླང་བྱ་ལྟར་ཡི་གེའི་གོ་རིམ་དང་ཆེ་ཆུང་དེ་མིན་དག་ཆའི་ཕྱོགས་ལ་ཤུགས་སྣོན་བྱས་ནས་ལས་སྒྲུབ་ཁང་འདི་རྒྱུན་འཁྱོངས་བྱས་པ་ཡིན་ལ། གཞི་རིམ་མང་ཚོགས་ཀྱི་དངོས་ཡོད་དཀའ་ཁག་ལ་དམིགས་ནས་འབྲེལ་ཡོད་བོད་རྒྱ་ཡིག་ཐོག་རེ་ཞུ་འབྲི་རོགས་དང་གཏགས་རོགས་བྱས་ཏེ་དེའི་ཐད་དུ་འཕྲད་པའི་དཀའ་ངལ་ནུས་པ་གང་ཡོད་ཀྱིས་སེལ་རོགས་བྱས་ཡོད།  ལྷག་པར་དབུལ་ཕོངས་ཁྱིམ་ཚང་དང་དཀའ་ཁག་ཡོད་པའི་སློབ་མ་དག་ལ་དམིགས་བསལ་གྱིས་ཁོ་ཚོར་རིན་གོང་སོགས་ཀྱི་ཐད་དུའང་དེ་མཐུན་གྱི་ཕབ་གཅོག་དང་རིན་མེད་བྱེད་བཞིན་ཡོད་ཟེར།

དཔའ་ཆེན་ཚེ་རིང་གིས་བྱ་བ་སྒྲུབ་བཞིན་པའི་རྣམ་པ།

པྲོག་གསར་གློ་ཚད་རིམས་འགོག་གི་སྐབས་སུ་འཐབ་ས་དང་པོའི་ལས་སྒྲུབ་མི་སྣར་འཚོ་བའི་མཁོ་ཆས་འདོན་སྤྲོད་བྱེད་བཞིན་པ།

རླབས་བརྡ་ཁྱབ་སྒྲིག་སྦྱོར་ལྟེ་གནས་འདི་ལ་མིག་སྔར་ལས་སྒྲུབ་མི་སྣ་གཉིས་མ་གཏོགས་མེད་པས། ལས་ཀྱི་བྲེལ་བ་ཅི་ལྟར་ཆེ་ཡང་།‘ཁྱེད་ཅག་གི་དགོས་མཁོ་ནི་ང་ཚོའི་བརྩོན་ལེན་གྱི་ཁ་ཕྱོགས་ཡིན་པས། རླབས་བརྡ་ཁྱབ་ཀྱིས་ཁྱེད་ལ་ཆེས་ལེགས་པའི་ཞབས་ཞུ་བསྒྲུབ་ངེས’ཞེས་པ་ཞབས་ཞུའི་རྩ་དོན་དུ་བཟུང་སྟེ་ལས་གཏོད་ཀྱི་ལམ་ན་མུ་མཐུད་མདུན་དུ་བསྐྱོད་བཞིན་ཡོད།


རླབས་བརྡ་ཁྱབ་སྒྲིག་སྦྱོར་ལྟེ་གནས་ཀྱིས་ཕྱི་ཡུལ་དུ་བྱ་བ་སྒྲུབ་བཞིན་པའི་རྣམ་པ།

ད་ལྟ་རླབས་བརྡ་ཁྱབ་སྒྲིག་སྦྱོར་ལྟེ་གནས་ཀྱི་ལས་གཉེར་བའི་ལག་རྩལ་དང་སྒྲིག་ཆས་སོགས་གང་གི་ཐད་ནས་ཀྱང་འཕེལ་རྒྱས་ཀྱི་གོ་རིམ་ངེས་ཅན་ཞིག་ལ་སླེབས་བཞིན་ཡོད་པས། མ་འོངས་པར་མུ་མཐུད་དུ་སྒྲིག་ཆས་དང་ལག་རྩལ། ལས་ཀའི་རྣམ་གྲངས་སོགས་ཀྱི་ཐད་དུ་སྔར་ལས་ལྷག་པའི་སྒོ་ནས་འཐུས་ཇེ་ཚང་དུ་བཏང་སྟེ། ཏང་གི་གསར་བརྗེ་གནས་གཞི་ས་ཁུལ་འདིའི་བོད་རྒྱ་སྐད་གཉིས་ཀྱི་དྲིལ་བསྒྲགས་བརྡ་ཁྱབ་ལས་རིགས་ལ་རང་ནུས་གང་ཡོད་བཏོན་ཏེ་སྔར་ལས་ལྷག་པའི་ལེགས་སྐྱེས་བཟང་བོ་ཞིག་སྤྱི་ཚོགས་སྟེང་དབུལ་རྒྱུ་ཡིན་ཞེས་ཁོ་གཉིས་ཀྱིས་དགའ་ཚོར་ཆེན་པོས་དེ་ལྟར་བཤད།

རླབས་བརྡ་ཁྱབ་སྒྲིག་སྦྱོར་ལྟེ་གནས་ཀྱིས་ཇུས་འགོད་གནང་བའི་ཐོན་རྫས་འགའ།

རླབས་བརྡ་ཁྱབ་སྒྲིག་སྦྱོར་ལྟེ་གནས་ཀྱི་ལས་གཉེར་ཁྱབ་ཁོངས།

མདོར་ན།    “རླབས”ལ་དཀའ་སྡུག་གདོང་གིས་བསུ་ཞིང་འབད་པ་ལྷོད་མེད་ཀྱིས་དེང་རབས་ཀྱི་ན་གཞོན་གསར་བའི་འོས་འགན་གསར་བ་གླུ་རུ་ལེན་བཞིན་རྒྱང་སྐྱོད་བྱེད་པའི་སྤོབས་པ་བརྟན་པོ་མཆིས་ལ། རླབས་བརྡ་ཁྱབ་ནི་བློ་རིག་དང་སྤོབས་པ། བརྩེ་སེམས་དང་ཡིད་རྟོན་ལྡན་པའི་མཐོ་རིམ་མཐར་ཕྱིན་སློབ་མ་གཉིས་ཀྱིས་དུས་རབས་གསར་བའི་རྔམ་ཁ་རུ་བཙུགས་པའི་བོད་རྒྱ་སྐད་གཉིས་ཀྱི་བརྡ་ཁྱབ་སྒྲིག་བཟོའི་ཞབས་ཞུ་ཚོགས་པ་ཞིག་ཡིན་པས། ཚོགས་པ་འདིས“སྙིང་ནས་དྲིན་ཚོར་བ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི”ཡར་སེམས་ཀྱི་རྩ་དོན་གཞིར་བཟུང་སྟེ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དང་རྒྱ་ཆེ་བའི་མི་དམངས་མང་ཚོགས་ལ་བོད་རྒྱ་ཡིག་སྒྱུར་གྱི་བརྡ་ཁྱབ་སྒྲིག་བཟོའི་ཞབས་ཞུ་མཁོ་འདོན་བྱས་དང་བྱེད་མུས་ཡོད།