ན་གཞོན་ལས་གཏོད་པ་རྡོ་རྗེ་འབུམ་གྱི་ཕྱུག་འགྱུར་གཏམ་རྒྱུད་དང་མ་འོངས་ཕུགས་འདུན།
2021.06.02 ཁུངས། གངས་ལྗོངས་འཕྲིན་གསར། ཀློག་གྲངས། 91

ཟླ5བའི་ཚེས19ཉིན། གསར་འགོད་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ཐོན་ལས་གླིང་དུ་འབྱོར་བ་ན། རྡོ་རྗེ་འབུམ་གྱིས་བྱ་བའི་བྲེལ་ཟིང་གི་ཁྲོད་ནས་ང་ཚོར་སྣེ་ལེན་བྱས་བྱུང་། 

ཁ་བརྡ་བྱེད་པའི་བརྒྱུད་རིམ་ཁྲོད་རྡོ་རྗེ་འབུམ་ནི་སློབ་ཆེན་མཐར་ཕྱིན་པ་ནས་བཟུང་། ལས་གཏོད་ཀྱི་ཕྱོགས་ལ་འབད་པ་རྩེ་གཅིག་ཏུ་བྱས་ཤིང་དཀའ་སྡུག་དང་ཀྱག་ཀྱོག་གི་ལམ་ཁ་གང་མང་བརྒྱུད་མཐར། ད་ལྟ་ཁོས་རང་ཉིད་ལ་དབང་བའི་ཁེ་ལས་ཤིག་གཉེར་གྱིན་ཡོད་པ་ཤེས་རྟོགས་བྱུང་། 

ང་ཚོ་རྡོ་རྗེ་འབུམ་གྱི་སྤྱི་གཉེར་ཁང་དུ་སོང་བ་ན་སྔོན་ཐོན་གྱི་འཕྲུལ་ཆས་དང་ཁང་བའི་ནང་གི་བཀོད་སྒྲིག་སོགས་མིག་ལ་མཛེས་ཤིང་ད་དུང་བོད་རྒྱ་སྐད་གཉིས་ཀྱི་གསལ་བཤད་ཡིག་འབྲུ་ཆུང་ཆུང་དག་གིས་སྔར་ལས་བར་ཐག་ཇེ་ཉེར་བཏང་བ་ལྟ་བུའི་ཚོར་སྣང་ཞིག་འགོག་མེད་དུ་སྐྱེས་བྱུང་། མཚོ་བྱང་འབྱུང་བདེ་ཞིང་ཕྱུགས་ཁོར་སྲུང་ཚད་ཡོད་སྤྱི་གཉེར་ཁང་ནི2017ལོར་དངོས་སུ་བཙུགས་པ་དང་། ནོར་ལུག་གསོ་སྤེལ་དང་ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་ཕྱིར་འཚོང་། མགྲོན་ཁང་དང་ཟ་ཁང་ལ་མི་རིགས་རིག་གནས་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཟས་སྣོད་མཁོ་འདོན་དང་དུག་སེལ། ཉལ་ཆས་གཙང་འཁྲུད་དང་སྡེབ་སྐྱེལ་བཅས་གཞི་གཅིག་ཏུ་འདུས་པའི་ཁེ་ལས་ཤིག་ཡིན། 2020ལོའི་ལོ་སྟོད་དུ་མདའ་བཞི་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་རྫོང་བཟོ་འཕྲིན་ཅུས་ཀྱི་རྒྱབ་སྐྱོར་འོག་རྒྱ་ཁྱོན་སྨི་གྲུ་བཞི་མ1000ཡན་ཟིན་པའི་བཟོ་ཁང་བཀོད་སྒྲིག་བྱས་པ་དང་རྡོ་རྗེ་འབུམ་རང་ངོས་ནས་ཁྱོན་མ་དངུལ་སྒོར་ཁྲི400ལྷག་ཙམ་བཏང་སྟེ། ཁུལ་ཡོངས་ཀྱི་ལས་རིགས་གཅིག་པའི་མ་འཇོག་གཞི་ཁྱོན་དང་ཐོན་སྐྱེད་ནུས་པ་ཧ་ཅང་ཆེན་པོ་ལྡན་པའི་ཁེ་ལས་ཀྱི་ལམ་ཁར་སྔར་ལས་གོམ་ཁ་ཇེ་མགྱོགས་སུ་བཏང་།

                 དུག་སེལ་བྱེད་པ་ནི་ལྷག་བསམ་གྱི་ལས་ཀ་ཞིག་ཡིན་ལ། དེར་བརྟེན་མཚོ་བྱང་འབྱུང་བདེ་ཞིང་ཕྱུགས་ཁོར་སྲུང་ཚད་ཡོད་སྤྱི་གཉེར་ཁང་གི་འགན་འཛིན་པ་རྡོ་རྗེ་འབུམ་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད་རྒྱུར། ང་ཚོས་བསྒྲུབས་པ་ནི་མང་ཚོགས་ཀྱི་བཟའ་བཏུང་བདེ་ཐང་དང་འབྲེལ་བ་དམ་ཟབ་ཡོད་པའི་ལས་རིགས་ཤིག་ཡིན། མང་ཚོགས་ཀྱི་བློ་ཡིད་ཚིམ་རྒྱུ་ནི་ང་ཚོའི་འགན་འཁྲི་གཙོ་བོ་ཡིན། རགས་རྩིས་ལྟར་ན། 2017ལོར་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་ནས་བཟུང་། ཟ་ཁང་དང་མགྲོན་ཁང་ཆེ་འབྲིང་ཆུང་གསུམ80ལྷག་ལ་ཉིན་རེར་ཆ་སྙོམས་ཀྱིས་ཟས་སྣོད་དང་ཉལ་ཆས་སོགས་སྡེབ་སྐྱེལ་བྱེད་ཚད10000ཟིན་ཡོད།  སྤྱི་གཉེར་ཁང་གིས་ད་དུང་རང་རྫོང་གི་མི་རིགས་མང་བོའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་སྤྱི་བྱིངས་དང་དབྱི་སི་ལན་རིགས་གཉིས་སུ་དབྱེ་ནས་དཀར་ཡོལ་སོགས་དུག་སེལ་བྱེད་བཞིན་ཡོད་ལ། རྒྱལ་ནང་གི་ཆེས་སྔོན་ཐོན་གྱི་དཀར་འཁྲུད་འཕྲུལ་འཁོར་ཆེ་གྲས་གཉིས་ནང་འདྲེན་བྱས་པ་དང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་བཟོ་འཕྲིན་སྡེ་ཁག་གི་མཐུན་སྦྱོར་འོག་རང་འགུལ་འཁོར་བྲལ་འཕྲུལ་ཆས3དང་སྐམ་བསིལ་འཕྲུལ་འཁོར2སོགས་སྔོན་ཐོན་འཕྲུལ་ཆས་ནང་འདྲེན་བྱས་པར་མ་ཟད། རྒྱལ་ཁབ་ཀྱི་ནུས་རྒྱུ་བསྲི་ཚགས་དང་ཟད་གྲོན་ཆུང་དུ་གཏོང་བའི་སྲིད་ཇུས་དང་ལེན་ཧུར་ཐག་བྱ་ཆེད། ཉི་ནུས་ཆུ་བསྲོ་ཆས་ཆེ་གྲས་ནང་འདྲེན་བྱས་ཡོད།  གཙང་སྦྲ་འཕྲོད་བསྟེན་གཙོ་བོར་བཟུང་ནས་ལས་བཟོ་བའི་ལས་ཀའི་སྐབས་སུ་གཅིག་གྱུར་གྱི་ཆེད་སྤྱོད་ལྭ་བ་དང་གཅིག་སྤྱོད་ལག་ཤུབས་གྱོན་པའི་སྒྲིག་སྲོལ་ལ་དོ་སྣང་དང་བླང་བྱ་ནན་མོ་བཏོན་ནས་ཞིབ་འཁྲུད་བྱེད་པ་དང་ཆེད་སྤྱོད་དུག་སེལ་གཤེར་སྦངས་བྱེད་པ། ཆེད་སྤྱོད་འདག་རྫས་ནང་དུ་བླུགས་ནས་ཡང་བསྐྱར་རིམ་པ་བཞིར་བཀྲུ་བ་སོགས་གཟབ་ནན་དང་ཞིབ་ཚགས་ཀྱིས་ནམ་ཡང་མང་ཚོགས་ཀྱི་བློ་སེམས་བདེ་པའི་ཁེ་ལས་ཤིག་ལ་བརྩོན་བཞིན་ཡོད་ཟེར། 

རྡོ་རྗེ་འབུམ་གྱིས་ངོ་སྤྲོད་བྱས་པ་ལས་ཤེས་རྟོགས་བྱུང་དོན། ཁོས་ད་དུང་ཝ་མགྱོགས་གསོ་ཚགས་རྟེན་གཞིར་ཁྱོན་འབྲི་གཡག200ལྷག་ཙམ་གསོ་ཚགས་བྱས་པ་དང་འབྲེལ་འོ་མ་དང་ཕྱུར་བ། ཞོ་དང་མར་སོགས་ཐོན་རྫས་དག་ལ་རང་ཁུལ་དང་རྫོང་སོ་སོའི་སྡེ་ཁག་དག་གིས་ཁས་ལེན་གང་ལེགས་ཐོབ་ཡོད། ལས་གཏོད་ལམ་བུར་ཞུགས་པ་ནས་བཟུང་མི་དམངས་ལ་ཞབས་འདེགས་ཞུ་བ་གཙོ་བོར་བཟུང་ནས་ད་བར་དུ་ཁྱིམ་ཚང་དབུལ་བོ་མི37ལས་བསྡུ་བྱས་པ་དང་། གན་རྒྱའི་དུས་ཡུན་རིང་ཤོས་ལོ4ཡིན་ལ་དུས་ཡུན་ཐུང་ཤོས་ལོ1ཡིན། གླ་ཕོགས་ཀྱང་སྒོར2500ནས3000བར་ཡིན།  

རྡོ་རྗེ་ནི་སྤྱི་གཉེར་ཁང་འདིའི་ལས་བཟོ་བ་ཡིན་ཞིང་སྔོན་ཆད་སློབ་ཆུང་མ་གཏོགས་འགྲིམས་མ་མྱོང་བས་ལས་ཞུགས་ཐད་དཀའ་ཁག་ཧ་ཅང་ཆེན་པོར་འཕྲད་ཡོད། རྡོ་རྗེ་འབུམ་གྱིས་ཁོ་འབྱུང་བདེ་སྤྱི་གཉེར་ཁང་དུ་སྣོད་ཆས་སྡེབ་སྐྱེལ་གྱི་ལས་ཀ་བྱེད་དུ་བཅུག་པ་དང་། དེ་རུ་ལས་ཀ་ཡང་ཞིང་གླ་ཕོགས་གཏན་འཇགས་ཡིན་པས་འཚོ་བའི་ཡོང་སྒོ་དང་ཆུ་ཚད་སྔོན་ཆད་དང་བསྡུར་ན་ཇེ་རྒྱས་ཇེ་ལེགས་སུ་སོང་ཡོད། རྡོ་རྗེ་འབུམ་གྱིས་ནམ་རྒྱུན་འཚོ་བ་དང་དཔལ་འབྱོར་ལ་དཀའ་ཁག་ཆེ་བའི་སྡེ་མི་ལ་དམིགས་བསལ་གྱིས་གཟིགས་སྐྱོང་བྱས་ཏེ་གང་ན་ལས་ཞུགས་ཀྱི་གོ་སྐབས་ཡོད་ན་ཁོ་ཚོར་མཁོ་སྤྲོད་བྱེད་བཞིན་ཡོད། ཁོས་བཤད་རྒྱུར། རང་ཉིད་གཅིག་པུ་ཕྱུག་འགྱུར་བྱུང་ན་དེ་ནི་རྒྱལ་ཁ་ཞིག་ཏུ་བསམ་གྱིན་མེད་དེ། རང་ཉིད་ཀྱི་ལས་གཏོད་བྱས་པ་བརྒྱུད་ས་གནས་མང་ཚོགས་ཀྱི་འཚོ་བ་དང་དཔལ་འབྱོར་ལ་འགྱུར་ལྡོག་རེ་གཏོང་ཐུབ་པར་རང་ནུས་གང་ཡོད་འདོན་བཞིན་ཡོད་ལ། མ་འོངས་པར། ལས་རིགས་འདིའི་སྣེ་འདྲེན་ཁེ་ལས་དང་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པའི་ཆས་རྟགས་ཁེ་ལས་གཏོད་རྒྱུར་གཞོལ་ནས་མཚོ་བྱང་གི་ཟས་སྣོད་དུག་སེལ་ཁྲོམ་ར་ངེས་པར་དུ་ཆེད་ལས་ཅན་དང་། ཆས་རྟགས་ཅན། ཚད་ལྡན་ཅན། གཞི་ཁྱོན་ཅན་བཅས་ཀྱི་ལམ་ཁར་ཕྱོགས་ནས་འཛད་སྤྱོད་པར་བདེ་ཐང་དང་སྐྱེ་ལྡན་ཐོན་རྫས་མཁོ་འདོན་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་བདེ་འཇགས་འགན་ལེན་དང་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་རྫོང་མཁར་གཏོད་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཟེར།

ད་ལྟ་སྤྱི་གཉེར་ཁང་འདི་ལ་ལོ་རེའི་ཡོང་འབབ་སྒོར་ཁྲི100ཡས་མས་ཡོད་ཅིང་དེ་དག་ལས་མང་ཆེ་བ་སྒྲིག་ཆས་རྒྱ་སྐྱེད་དང་འཐུས་ཚང་ཅན་གྱི་སྟེང་བཀོལ་ནས་སྔར་ལས་ལྷག་པའི་ལས་གཏོད་ཀྱི་ལམ་བུར་ཞུགས་ཏེ་ས་གནས་ཀྱི་དཔལ་འབྱོར་དང་གནས་སྐོར་ལས་རིགས་ལ་རང་ནུས་གང་ཡོད་ཀྱིས་ཞབས་འདེགས་ཅུང་ཙམ་རེ་སྒྲུབ་རྒྱུའི་འདུན་པ་དང་སྙིང་སྟོབས་ཀྱིས་ཁེངས་འདུག