རྒྱལ་ཁབ་རིམ་པའི་བོད་ཀྱི་རིག་གནས་ཡུས་ཧྲུའུ་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་འཛུགས་སྐྲུན་གྱི་མུ་འབྲེལ་བྱ་འགུལ་ཡུས་ཧྲུའུ་ནས་བསྡུས།
2021.06.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཉེ་སྔོན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། ཁུལ་རིག་གནས་ལུས་རྩལ་དང་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་འགན་ཁུར་ནས་བསྒྲུབ་པའི་རྒྱལ་ཁབ་རིམ་པའི་བོད་ཀྱི་རིག་གནས་ཡུས་ཧྲུའུ་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་འཛུགས་སྐྲུན་གྱི་མུ་འབྲེལ་བྱ་འགུལ་ཡུས་ཧྲུའུ་གྲོང་ཁྱེར་ཁམས་པ་སྒྱུ་རྩལ་སྲང་ཆེན་དུ་བསྡུས།

བྱ་འགུལ་གྱིས་སྔ་གཞུག་ཏུ་གཟུགས་འདས་རིག་གནས་ལྗོངས་རྒྱུ་ཁུལ་དུ་བསྐྱོད་པ་དང་ཞིང་ཆེན་རིམ་པའི་དབུལ་སྐྱོར་རྟེན་གཞི། ཞིང་ཆེན་རིམ་པའི་བཟོ་རྩལ་མཛེས་རྩལ་མཁན་པོ། རྒྱུན་འཛིན་པའི་ཟབ་སྦྱོང་གི་མིང་འདོགས་དང་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས། བྱ་འགུལ་ཡུལ་དངོས་སུ། ཡུས་ཧྲུའུ་ཁུལ་གྱི་ཁེ་ལས་ཉེར་བཞི་ཁམས་པ་སྲང་ཆེན་དུ་བཅའ་སྡོད་བྱས་པ་དང་། རིག་གནས་ཁེ་ལས་སྡེ་ཁག་ཉེར་བཞི་ལ་སྐོར་དང་པོའི་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ལས་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན་ཐོན་སྐྱེད་དབུལ་སྐྱོར་རྟེན་གཞིའི་བྱང་བུ་བྱིན།

རྒྱལ་ཁབ་རིམ་པའི་བོད་ཀྱི་རིག་གནས་ཡུས་ཧྲུའུ་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གྱིས་ཡུས་ཧྲུའུ་གྲོང་ཁྱེར་སྲུང་སྐྱོབ་ཁུལ་གཙོ་བོར་བརྩི་བ་དང་། ཁྲིན་འདུ་དང་ནང་ཆེན། རྫ་སྟོད། འབྲི་སྟོད། ཆུ་དམར་ལེབ་བཅས་རྫོང་ལྔ་སྲུང་སྐྱོབ་ཁུལ་གཙོ་བོར་བྱས་ལ། སྲུང་སྐྱོབ་ཀྱི་ནང་དོན་གཙོ་བོ་ཡུས་ཧྲུའུ་བོད་རིགས་མང་ཚོགས་ཀྱིས་གསར་སྐྲུན་བྱས་པའི་རིགས་མི་འདྲ་བའི་གཟུགས་འདས་རིག་གནས་ཤུལ་བཞག་དང་། ཁུལ་ཁོངས་ནང་གི་རང་བྱུང་ཤུལ་བཞག་དང་དངོས་པོའི་རིག་གནས་ཤུལ་བཞག་ལ་མཉམ་དུ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་ལ། དེའི་ནང་ཡུས་ཧྲུའུ་བོད་རིགས་མང་ཚོགས་ཀྱིས་གསར་སྐྲུན་དང་རྒྱུན་འཛིན་བྱས་པའི་དངོས་པོ་དང་གཟུགས་འདས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་ནང་དོན་འདུ། མིག་སྔའི་བར་དུ། ཚོད་ལྟ་ཁུལ་གྱི་གཟུགས་འདས་རིག་གནས་སྲུང་སྐྱོབ་ལས་གཞི་གསོག་མཐུད་གནས་ཚུལ་སྤྱིའི་ཆ་ནས་བཟང་བ་དང་། ཟིན་བྲིས་ལ་བཀོད་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ལས་གཞི་བསྡོམས་པས་བཅུ་གཉིས་ཡོད་པ་དང་། རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བཅུ་གཅིག་དང་ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ལས་གཞིའི་རིགས་སྣ་ཞེ་གསུམ། ཞིང་ཆེན་རིམ་པའི་གཟུགས་གནས་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་སོ་བརྒྱད། ཁུལ་རིམ་པའི་ཤུལ་བཞག་རིག་གནས་ཀྱི་ལས་གཞིའི་རིགས་སྣ་བསྡོམས་པས་ང་གཉིས། ཁུལ་རིམ་པའི་གཟུགས་འདས་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བརྒྱ་དང་གཅིག རྫོང་རིམ་པའི་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་ལས་གཞི་ཉིས་བརྒྱ་དང་བདུན་ཅུ། རྫོང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཉིས་བརྒྱ་དང་གོ་དྲུག་བཅས་ཡོད།

རིན་ཆེན་མཚོས་བསྒྱུར།